སྤྱི་ཚོགས་རོགས་སྐྱོབ་བཅའ་ཁྲིམས་ཟླ་བ་བདུན་པ་ནས་ལག་ལེན་བསྟར་རྒྱུ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

སྤྱི་ཚོགས་རོགས་སྐྱོབ་བཅའ་ཁྲིམས་དེ་ཟླ་4ཚེས་30ཉིན་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པའི་ཐོག་བརྡས་ཐག་བཅད་པ་བརྒྱུད་གྲོས་འཆམ་བྱུང་བ་དང་། 2026ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་ཞིང་། ཁྲིམས་བཙུགས་འཆར་འགོད་ནང་དུ་བཅུག་པ་ནས་དོན་ཐོག་ཏུ་འཁྱོལ་བའི་བར། བཅའ་ཁྲིམས་དེ་སྔ་ཕྱིར་ལོ་སུམ་བཅུ་ཙམ་བརྡར་བཅད་བྱས་པ་བརྒྱུད། སྤྱི་ཚོགས་རོགས་སྐྱོབ་ཁྱབ་ཁོངས་ནང་གི་ཁྲིམས་ལུགས་ཀྱི་མི་འདང་བའི་ཆ་ཁ་གསབ་བྱས་ཡོད་པ་མ་ཟད། ད་དུང་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོང་དང་། ཡིད་རྟོན་མེད་རིགས་ལ་བསླབ་སྡོམ་བྱེད་པ་སོགས་མང་ཚོགས་ཀྱི་དོ་ཁུར་ཆེན་པོ་བྱེད་པའི་དོན་ཚན་ཁ་སྣོན་བརྒྱབ་ཡོད།

གསར་དུ་གྲོས་འཆམ་བྱུང་བའི་སྤྱི་ཚོགས་རོགས་སྐྱོབ་བཅའ་ཁྲིམས་དེར་ཁྱོན་ལེའུ་7དང་དོན་ཚན་78ཡོད་པ་དང་། སྤྱིའི་རྩ་དོན་དང་། རོགས་སྐྱོབ་བྱ་ཡུལ་དང་བྱ་ཐབས། རོགས་སྐྱོབ་གོ་རིམ་སོགས་ནང་དོན་ཚུད་ཡོད། འཆར་ཟིན་ལ་གྲོས་ཞིབ་བྱེད་རིང་། སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་བསམ་འཆར་བསྡུ་ལེན་ཐེངས་གཉིས་བྱས་པ་དང་། དམངས་འདོད་ཀྱི་བློ་ཡིད་ཚིམ་པོ་བྱུང་ཁར། མང་ཚོགས་ནས་བཏོན་པའི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་དང་། ཞིབ་མཆན་འགོད་བདེ་རུ་གཏོང་རྒྱུ། སྤྱི་ཚོགས་འགན་བཅོལ་དང་སྨན་བཅོས་འགན་བཅོལ་གྱི་མ་དངུལ་ལ་ཁ་བསླུས་རྒྱག་པར་ཆད་པ་ནན་པོ་གཅོད་རྒྱུ་སོགས་ཀྱི་གནད་དོན་ཐད་བསམ་འཆར་བཏོན་པར་དོ་ཁུར་བྱས་ཡོད་པས། རེ་ཞུ་དེ་དག་ལ་མཐར་བཅའ་ཁྲིམས་ནང་ལན་ཆ་བྱས་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སྤྱི་ཚོགས་ཁྲིམས་ལུགས་བྱ་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཀའོ་ལི་ནཱ་ཡིས་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། ཁོང་གིས། ཁྲིམས་བཙུགས་ཚོགས་པས་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཟབ་བསྐྱོད་བྱས་པ་དང་། མ་མཐའི་འགན་བཅོལ་ལེན་མཁན་ཁྱིམ་ཚང་དང་། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་སོགས་མི་ཚོགས་ཀྱི་སེམས་སྒྲར་ཉན་པ་དང་། ས་གནས་ཁག་གི་ལག་ལེན་བསྟར་བཞིན་པའི་ཉམས་མྱོང་བསྡུ་ལེན་བྱེད་པ། དོན་ཚན་གྱི་ནང་དོན་ལ་ཡང་ནས་བསྐྱར་དུ་གྲོས་བསྡུར་བྱས་ཡོད་ཅིང་། དེ་དག་ནང་ས་ཁུལ་གྱི་ཧེ་བག་དང་། སྡེ་ཚན་བར་སྦྲེལ་མཐུད་དོ་སྙོམས་ཡོང་རྒྱུ་གཉིས་ཀར་བསམ་བློ་བཏང་ཡོད་ལ། ཆ་འཕྲིན་ཕྱིར་གྱར་བ་དང་། གཞུང་ཞབས་པས་འགན་དབང་གང་བྱུང་དུ་སྤྱོད་པ། སྤྱི་ཚོགས་འགན་བཅོལ་དང་སྨན་བཅོས་འགན་བཅོལ་གྱི་མ་དངུལ་ལ་ཁ་བསླུས་རྒྱག་པ་སོགས་མང་ཚོགས་ཀྱི་སེམས་ཁྲལ་བྱེད་པའི་གནད་དོན་ཐད་ཀར་ལན་ཆ་བྱས་ཡོད་ཅེས་གསུངས་པ་རེད།

ཁྲིམས་ལུགས་དེ་ནི་འབྱུང་སླ་པོ་ཞིག་མ་ཡིན་པར། དེའི་གོང་གི་ལོ་བཅུ་ལྷག་ཙམ་རིང་སྟེ།  2014ལོར་བཏོན་པའི་སྤྱི་ཚོགས་རོགས་སྐྱོབ་ཀྱི་གནས་སྐབས་བྱ་ཐབས་ཞེས་པ་དེ་ནི་སྤྱི་ཚོགས་རོགས་སྐྱོབ་ལས་དོན་སྤེལ་བའི་གཞི་འཛིན་ས་གཙོ་བོ་ཞིག་ཡིན་ཞིང་། སྤྱི་ཚོགས་རོགས་སྐྱོབ་བཅའ་ཁྲིམས་དོན་འཁྱོལ་ཐུབ་པ་དེས་རང་རྒྱལ་གྱི་དམངས་འཚོའི་མཐིལ་སྐྱོར་འགན་ལེན་དེ་ཁྲིམས་སྐྱོང་ཅན་གྱི་དུས་མཚམས་གསར་པར་སླེབས་པ་མཚོན་གྱི་ཡོད།

བཅའ་ཁྲིམས་གསར་པས་མང་ཚོགས་ཀྱིས་ཡོངས་ཁྱབ་ཐོག་སེམས་ཁྲལ་བྱེད་པའི་རོགས་སྐྱོབ་རེ་ཞུ་བྱས་རྗེས་མི་སྒེར་གྱི་ཆ་འཕྲིན་ཡོངས་བསྒྲགས་དང་ཕྱིར་གྱར་བ། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་གནས་ཚུལ་རང་དགར་སྒྲོག་སྤེལ་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། གཅུན་འདོམས་ནན་པོ་བྱས་ཡོད།

ལས་གཉེར་ཚན་པའི་ལས་དོན་མི་སྣས་ལྐོག་ཏུ་རེ་ཞུའི་ཡི་གེ་དང་མི་སྒེར་གྱི་ཆ་འཕྲིན་ཉར་འཇོག་བྱ་མི་ཆོག་ལ། འགན་དབང་གི་སྟབས་བདེ་སྤྱད་དེ་རང་དགར་འབྲེལ་མེད་མི་སྣའི་ཆ་འཕྲིན་འཚོལ་བཤེར་དེ་བས་ཀྱང་བྱ་མི་ཆོག ཆ་འཕྲིན་ཕྱིར་གྱར་བ་དང་། རྐང་བཙུགས་ནས་མང་ཚོགས་ཀྱི་གསང་བ་སྒྲོག་སྤེལ་བྱེད་པ་སོགས་ཀྱི་བྱེད་སྤྱོད་ཐོན་ཚེ། འབྲེལ་ཡོད་འགན་འཁུར་མི་སྣའི་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་དང་། དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ཏན་ཏིག་བྱས་ཏེ། རོགས་སྐྱོབ་བྱེད་པར་དྲོད་ཚད་ཡོད་པ་དང་། གསང་བ་ལ་སྲུང་སྐྱོང་ཡོད་པ། རོགས་སྐྱོར་བྱེད་པར་མི་གཞན་གྱི་རང་བཀུར་བསམ་པར་གནོད་འཚེ་མི་གཏོང་བ་བཅས་དངོས་སུ་བྱ་ཐུབ་པ་དགོས་ཀྱི་ཡོད།

བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བའི་སྤྱི་ཚོགས་རོགས་སྐྱོབ་བཅའ་ཁྲིམས་ཀྱི་ལམ་ལུགས་འཆར་འགོད་གསར་གཏོད་བྱས་པ་དང་། སྤྱི་ཚོགས་སྟོབས་ཤུགས་ཞུགས་ཆོག་པའི་ཆེད་དོན་ལེའུ་ཆེད་མངགས་བཙུགས་ཏེ། དགེ་སྒྲུབ་སྒྲིག་འཛུགས་དང་། སྤྱི་ཚོགས་ལས་དོན་སྡེ་ཚན། དང་བླངས་ཞབས་ཞུ་སོགས་སྤྱི་ཚོགས་ཀྱི་ཐོན་ཁུངས་དེ་དག་ཁྲིམས་སྐྱོང་གི་སྒྲོམ་གཞིའི་ནང་དངོས་སུ་བཅུག་ནས། དམངས་འཚོའི་མཐིལ་སྐྱོར་ལ་འགན་ལེན་སྔར་ལས་ཡག་པ་དང་། དམངས་ལ་ཕན་པ་དེ་བས་ཆེ་བ་ཐོབ་པ་བྱ་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།