རྒྱལ་ཁབ་འདི་དག་གིས་བྱིས་པས་སྤྱི་འབྲེལ་སྨྱན་སྦྱོར་སྤྱོད་པའི་དུས་ཚོད་ནར་འགྱངས་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་འཆར་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ནར་མ་སོན་པའི་མིའི་དྲ་རྒྱའི་བདེ་འཇགས་གནད་དོན་ལ་དོ་ཁུར་བྱེད་མཁན་ཇེ་མང་དུ་ཕྱིན་པ་དང་བསྟུན། ཡོ་རོབ་མནའ་འབྲེལ་གྱིས་བྱིས་པས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྤྱོད་པའི་སྒྲིག་སྲོལ་སྔར་བས་ནན་དུ་གཏོང་རྒྱུའི་བསམ་བློ་གཏོང་བཞིན་ཡོད་པ་རེད། ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་གྱིས་ཚེས་12ཉིན། ཡོ་རོབ་མནའ་འབྲེལ་གྱིས་སྔ་ཤོས་སུ་ད་ལོའི་དབྱར་ཁའི་གོང་དུ་ཁྲིམས་འཛུགས་ཇུས་གཞི་བཏོན་ནས། བྱིས་པར་“སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བཀོལ་སྤྱོད་བྱེད་པའི་ལོ་ཚོད་ནར་འགྱངས་གཏོང་བ་”ཡི་སྲིད་ཇུས་ལག་བསྟར་བྱ་རྒྱུའི་བསམ་བློ་གཏོང་བཞིན་ཡོད་ཅེས་བརྗོད་པ་རེད།

ན་ནིང་གི་ཟླ་9པར། ཧྥེང་ཏེ་ལའེ་ཨེན་གྱིས་ཡོ་རོབ་མནའ་འབྲེལ་གྱི་ལོ་འཁོར་རྒྱལ་ཚུལ་ཞུ་ཡིག་ནང་བྱིས་པའི་དྲ་རྒྱའི་བདེ་འཇགས་ཀྱི་དམིགས་བསལ་ཚོ་ཆུང་བཙུགས་ནས། ཡོ་རོབ་མནའ་འབྲེལ་ཁྱབ་ཁོངས་ནང་ནར་མ་སོན་པའི་མིའི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་ལ་ཇི་ལྟར་ཤུགས་སྣོན་རྒྱུག་རྒྱུའི་ཐད་གཙོ་གནད་ཐོག་ཞིབ་འཇུག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཚོ་ཆུང་དེས་ད་ལོའི་ཟླ་3པ་ནས་བཟུང་ལས་ཀ་བྱེད་འགོ་ཚུགས་པ་དང་། སྔོན་དཔག་བྱས་ན་དབྱར་ཁར་གྲོས་འགྲོའི་སྙན་ཞུ་འབུལ་རྒྱུ་ཡིན་པ་རེད།

ཡོ་རོབ་མནའ་འབྲེལ་ཁོངས་གཏོགས་རྒྱལ་ཁབ་མང་པོ་ཞིག་གིས་བྱིས་པའི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ།

ཉེ་བའི་ལོ་འགའི་རིང་། ཡོ་རོབ་མནའ་འབྲེལ་ཁོངས་གཏོགས་རྒྱལ་ཁབ་མང་པོ་ཞིག་གིས་བྱིས་པའི་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་ཐད་ཤུགས་སྣོན་རྒྱག་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བཞིན་ཡོད། ཧྥ་རན་སེ་དང་། སི་ཕེན། ཏེན་མག སའེ་ཕུའུ་ལུའུ་སི། ཀེ་རི་སེ་སོགས་རྒྱལ་ཁབ་ཀྱིས་ཡོ་རོབ་མནའ་འབྲེལ་གྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བཀོལ་སྤྱོད་བྱེད་པའི་ལོ་ཚོད་དམའ་ཤོས་ཀྱི་གཅིག་གྱུར་ཚད་གཞི་བཟོ་རྒྱུའི་འབོད་སྐུལ་བྱེད་བཞིན་ཡོད། མིག་སྔར། ཏེན་མག་ཚུད་པའི་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་10ཡིས་རྒྱལ་ཁབ་དེ་གའི་ཁྱབ་ཁོངས་ནང་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བཀོལ་སྤྱོད་བྱེད་པའི་ལོ་ཚད་ཚོད་འཛིན་བྱ་རྒྱུར་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད།

འོན་ཀྱང་ཞིབ་ཕྲའི་ལོ་ཚོད་ཀྱི་ཚད་གཞིར་དམིགས་ཏེ་ཁོངས་གཏོགས་རྒྱལ་ཁབ་ཁག་བར་སྔར་བཞིན་ལྟ་བ་མི་མཐུན་པ་བྱུང་ཡོད། རྒྱལ་ཁབ་ཁག་གཅིག་གིས་ལོ་ན་ཆུང་ཤོས་ཀྱི་ཚད་གཞི་དེ་ལོ་15མན་ལ་གཏན་འཁེལ་བྱ་རྒྱུའི་བསམ་བློ་གཏོང་བ་དང་། རྒྱལ་ཁབ་གཞན་ཁག་གཅིག་གིས་ལོ་16མན་ལ་གཏན་འཁེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ཧྥ་རན་སེས་ཡོ་རོབ་མནའ་འབྲེལ་ཨུ་ལྷན་ལ་བྱིས་པས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བཀོལ་སྤྱོད་བྱ་རྒྱུར་ཚོད་འཛིན་བྱེད་པའི་རྒྱལ་ཁབ་ཀྱི་སྒྲིག་སྲོལ་འཆར་ཟིན་ཕུལ་ཟིན་པ་དང་། ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱིས་དེ་ཡོ་རོབ་མནའ་འབྲེལ་ནང་ཁུལ་གྱི་ཁྲོམ་རའི་སྒྲིག་སྲོལ་དང་མཐུན་མིན་ལ་དཔྱད་དཔོག་བྱེད་བཞིན་ཡོད་པ་རེད། དབྱེ་ཞིབ་བྱས་པ་བརྒྱུད། ཡོ་རོབ་མནའ་འབྲེལ་གྱིས་མཐར་གཅིག་གྱུར་གྱི་གཏན་འབེབས་བཏོན་ཚེ། སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ལས་སྟེགས་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོང་ལམ་སྲོལ་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་སྲིད་པའི་ངོས་འཛིན་བྱས་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།