དེང་གི་ཆར་ནི་ཞིང་ཆེན་ཡོངས་ཀྱི་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་བཟང་ཡིན་པས་ཁྲོམ་རའི་ཉོ་ཚོང་གི་རྣམ་པ་འཁྲུག་པོར་ཆགས་བཞིན་ཡོད། དབྱར་རྩྭ་དགུན་འབུའི་ཁྲོམ་རའི་ཁོར་ཡུག་གཙང་སེལ་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་། དབྱར་རྩྭའི་ཐོན་ལས་སྐྱོན་དང་བྲལ་ཞིང་གོ་རིམ་མ་འཆོལ་བའི་སྒོ་ནས་གོང་དུ་འཕེལ་བར་སྲུང་སྐྱོང་བྱ་ཆེད། ཟླ5ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིང་ཞིང་ཆེན་ཡོངས་ཀྱི་དབྱར་རྩྭའི་ཁྲོམ་ར་དང་གཉེར་སྐྱོང་བྱེད་པོ་རྣམས་ལ་ཉོ་ཚོང་ཐད་ཀྱི“བྱ་སྤྱོད་བཅུ་གཏན་འགོག”གི་བསླབ་བྱ་ཡི་གེ་བསྒྲགས་ཤིང་། ཁྲོམ་རའི་རྙོག་འཛིང་གི་སྣང་ཚུལ་ལ་དམིགས་སུ་གཏད་ཅིང་། ལྟ་སྐུལ་དོ་དམ་གྱི་ནུས་ཕྱོད་ལ་ཤུགས་སྣོན་བརྒྱབ་ནས་ཉེར་མཁོའི་བྱེད་ཐབས་སྤྱད་དེ་ཁྲོམ་རའི་བདེ་འཇགས་ཀྱི་སྲུང་རགས་སྲ་བརྟན་དུ་གཏང་རྒྱུ་རེད།
བསླབ་བྱ་ཡི་གེ་དེས་གཉེར་སྐྱོང་གི་གོ་རིམ་ཧྲིལ་བོ་ནས་མགོ་བརྩམས་ཏེ། གཏན་ནས་རེག་མི་རུང་བའི“དམར་ཐིག”བཅུ་གསལ་འབེབས་བྱས་ནས་ལྟ་སྐུལ་དོ་དམ་ལ་སྟོང་ཆ་མེད་པ་ཞིག་བྱ་རྒྱུ་སྟེ། གཉེར་སྐྱོང་ཐོབ་ཐང་གི་ཕྱོགས་ནས་དབྱར་རྩྭ་ཚོང་གཉེར་མཁན་གྱིས་ཁྲིམས་བཞིན་དུ་ཁྲོམ་རའི་བྱེད་པོ་ཡི་ཐོ་འགོད་བསྒྲུབ་ནས་གཉེར་སྐྱོང་དགོས་པ་དང་། རི་སྐྱེས་དབྱར་རྩྭ་ཕྱིར་འཚོང་བྱེད་མཁན་གྱིས་འབྲེལ་ཡོད་གཉེར་སྐྱོང་གི་ཁྱབ་ཁོངས་ལ་ཐོ་འགོད་བྱེད་དགོས་པ་མ་ཟད་ནགས་རྩྭ་སྡེ་ཚན་གྱི་ཆོག་འཐུས་ཐོབ་དགོས། ས་ཁོངས་ཀྱི་གཉེར་སྐྱོང་ཐད་ནས་མིས་བཟོས་དང་རི་སྐྱེས་དབྱརརྩྭ་གཉིས་ཕྱེས་ཏེ་བྲིན་འཚོང་བྱེད་དགོས་པ་དང་། ཉོ་ཚོང་ཁྲོམ་ར་ཕྱོགས་བསྡུས་བྱས་ནས་བཀོད་སྒྲིག་ལུགས་མཐུན་བྱེད་དགོས། རིན་གོང་གི་ལྟ་སྐུལ་དོ་དམ་ཕྱོགས་ནས་གཉེར་སྐྱོང་མཁན་གྱིས་རིན་གོང་དང་ཚོང་རྟགས་ངོ་མ་སོགས་མིས་བཟོས་དབྱར་རྩྭའི་ཕྱི་ཐུམ་དུ་གསལ་བོར་འགོད་དགོས། ཡིད་རྟོན་གཉེར་སྐྱོང་ཕྱོགས་ནས་ཕྱིར་འཚོང་བྱེད་དུས་ཐོན་རྫས་ཀྱི་ངོ་བོ་དང་། ཐོན་ཡུལ། རྐོ་བསྡུའི་ལོ་ཚིགས་སོགས་གནས་ཚུལ་གསལ་བོར་འགོད་དགོས་པ་དང་། དབྱར་རྩྭ་རྫུན་མ་ཕྱིར་འཚོང་གཏན་འགོག་བྱེད་དགོས། ཕྱིར་འཚོང་དྲིལ་སྒྲོག་གི་ཕྱོགས་ནས་བྱེད་ནུས་འུད་སྒྲོག་དང་། ནད་རིགས་གང་དག་བཅོས་ཐུབ་པ་ལ་སོགས་དྲིལ་སྒྲོག་ནང་དོན་རིགས་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
ཚོང་རྟགས་དང་གསལ་བཤད་ཀྱི་ཕྱོགས་ནས་མིས་བཟོས་དབྱར་རྩྭའི་ཕྱི་ཐུམ་དུ“རང་བྱུང”དང“རི་སྐྱེས”“གངས་ལྗོངས་མཐོ་སྒང”ལ་སོགས་པའི་རྫུན་བཅོས་སམ་འཁྲིད་མཛོད་རང་བཞིན་གྱི་ཆ་འཕྲིན་གཏན་ནས་འགོད་མི་རུང་། རྒྱུ་སྤུས་བདེ་འཇགས་ཐད་ནས་གཉེར་སྐྱོང་མཁན་གྱིས་ཐོན་རྫས་ནང་འདྲེན་བྱེད་དུས་ཞིབ་བཤེར་རྩིས་ལེན་གྱི་ལམ་ལུགས་བཟོས་ཏེ། དབྱར་རྩྭ་སྤུས་ངན་དང་ཡང་ན་རྫུན་མ་ཕྱིར་འཚོང་དང་རྒྱ་ཚད་སྣོན་བཟོ་སོགས་བྱ་སྤྱོད་གཏན་འགོག་བྱེད་དགོས། ཚད་འཇལ་གྱི་ལྟ་སྐུལ་དོ་དམ་ཐད་ནས་ཚད་ལྡན་མིན་པ་དང་། ཚད་འཇལ་ཆས་དག་མ་མིན་པའི་རིགས་བཀོལ་སྤྱོད་བྱེད་མི་རུང་། དྲ་རྒྱའི་ལྟ་སྐུལ་དོ་དམ་ཕྱོགས་ནས་ཐད་གཏོང་ལ་སོགས་སྒང་གི་མི་ལེགས་པ་ལེགས་པར་འཚོང་བ་དང་། ཐོན་རྫས་དང་གསལ་བཤད་གཉིས་ཐ་དད་པའི་རིགས་གཏན་འགོག་བྱེད་རྒྱུ་དང་། ཐད་གཏོང་གཉེར་སྐྱོང་བྱེད་པོས་གཉེར་སྐྱོང་ཐོབ་ཐང་གསལ་བསྒྲགས་དགོས་པ་ཟད། ཐད་གཏོང་གི་བརྒྱུད་རིམ་མ་མཐའ་ཡང་ལོ་གསུམ་ལ་སོར་འཇོག་བྱེད་དགོས། ཆོག་འཐུས་གཉེར་སྐྱོང་གི་ཕྱོགས་ནས་རི་སྐྱེས་དབྱར་རྩྭའི་ཡོང་ཁོངས་གསལ་བོ་འདེད་དགོས་པ་དང་། དཔང་ཡིག་མེད་པ། ཆོག་འཐུས་ལས་བརྒལ་བའི་གཉེར་སྐྱོང་དང་རྫུན་བཟོ། ཆོག་འཐུས་དང་དཔང་ཡིག་གཡར་མ་ལ་སོགས་ཀྱི་བྱ་སྤྱོད་རིགས་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པ་རྣམས་ལ་ཞུ་དོན། དབྱར་རྩྭ་ཉོ་དུས་དགོས་ངེས་ཀྱི་དཔང་ཡིག་དང་ཐོབ་ཐང་། འཐུས་ཡིག་ལ་སོགས་ཆ་ཚང་བ། མཚན་སྙན་ཡང་ལེགས་པའི་ཚད་ལྡན་གྱི་ཚོང་ཁང་དུ་ཉོས་ན་ལེགས་ལ། ཉོ་སྐབས་ཐོན་རྫས་ཀྱི་ཐོབ་ཐང་དང་འབྲེལ་ཡོད་ཀྱི་ཞིབ་བཤེར་སྙན་ཞུ་ལ་ཞིབ་ལྟ་བྱས་ཏེ། ཡོང་ཁུངས་མི་གསལ་ཞིང་། ཚོང་རྟགས་སོགས་ཅི་ཡང་མེད་པའི་དབྱར་རྩྭ་ཉོ་མི་རིགས། “ནད་བརྒྱ་ཐུབ་པ”“སྐྲན་ནད་སྔོན་འགོག་ཐུབ་པ”ལ་སོགས་དྲིལ་སྒྲོག་རྫུན་མ་རིགས་ལ་བློ་མི་གཏད་ཅིང་། ཕན་ནུས་གསལ་བཤད་ལ་ལྟ་སྟངས་ཚུལ་མཐུན་བཟུང་ནས“རིན་གོང་ཆེན་པོའི”དབྱར་རྩྭ་འཐོམས་སྙེག་མི་བྱེད་པར་མཁྱེན། གལ་ཏེ་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་དེ་རིགས་མཐོང་ན། ཁྱེད་ནས་ཉོ་སྒྲུབ་ཀྱི་དཔང་ཡིག་དང་ཉོ་ཚོང་གི་གོ་རིམ། དྲིལ་སྒྲོག་རྒྱུ་ཆ་ལ་སོགས་པའི་འབྲེལ་ཡོད་དཔང་ཡིག་ཉར་ཚགས་ལེགས་པོ་བྱས་ཏེ། དུས་ཐོག་ཏུ་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ཁ་པར་ཨང་གྲངས12315དང་ཡང་ན་སྲིད་དོན་ཞབས་ཞུའི་དམངས་ཕན་ཁ་པར་ཨང་གྲངས12345ལ་ཁ་པར་བརྒྱབ་ནས་ཞུ་གཏུག་བྱས་ནས་རང་བདག་གི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་བཞིན་འགན་སྲུང་བྱེད་ཆོག་པ་ཡིན།