སྐབས་བཅུ་དགུ་པའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་འཁྱག་དེམ་རྣམ་གྲངས་འགྲན་མགོ་ཚུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ5བའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་དགུ་པའི་ལུས་རྩལ་འགྲན་ཚོགས་ཀྱི་འཁྱག་དེམ་རྣམ་གྲངས་དེ། འདོ་བ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡལ་ལྟེ་གནས་སུ་འགྲན་མགོ་ཚུགས། འདི་ནི་མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་སྟེང་། དགུན་དུས་རྣམ་གྲངས་འགྲན་སྡུར་མ་ལག་ནང་བཞག་པ་དང་། དེ་ཡིས་མཚོ་སྔོན་ཁངས་དར་ལུས་རྩལ་གྱི་འཕེལ་རྒྱས་དེ་རིམ་པ་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད།

དེ་ནི་མཚོ་སྔོན་ཞིང་ཆེན་གྱི་གཞི་རྒྱ་ཆེས་ཆེ་ལ། ཤན་ཤུགས་ཆེས་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་ཚོགས་ཆེན་ཞིག་ཡིན་ལ། ཞིང་ཆེན་ལུས་རྩལ་འགྲན་ཚོགས་ནི་ལོ་བཞིའི་རིང་ཐེངས་གཅིག་ལ་སྒྲུབ་བཞིན་ཡོད། སྐབས་འདིའི་འགྲན་ཡུན་ཉིན7རིང་ཡིན་ལ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་དང་ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་བྱས་པ་རེད། རྣམ་གྲངས་ལ་སྐྱེས་པའི་ཚོགས་འགྲན་དང་སྐྱེས་མའི་ཚོགས་འགྲན། མི་གཉིས་སྡེབ་བསྲེས་བཅས་གསུམ་ཡོད་ལ། དེ་ཉིད་སོར་འབྱེད་ཚན་ཆུང་དང་ན་གཞོན་ཚན་ཆུང་གཉིས་སུ་བགར་ནས་བརྩོན་ལེན་བྱ་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོ་དང་སློབ་ཆེན་གྱི་རུ་ཁག8དང་ལུས་རྩལ་པ128ཀྱིས་མིང་ཐོ་བཀོད་ནས་འགྲན་ཞུགས་བྱས་ཡོད།

འདོ་བ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་ལྟེ་གནས་འཁྱག་དེམ་ཁང་གིས་གཞན་མེད་ཁྱད་འཕགས་ཀྱི་མཐོ་སྒང་གི་ཁྱད་བབ་དང་། འཐུས་ཚང་གི་ཆེད་ལས་སྒྲིག་ཆས་ལ་བརྟེན་ནས། འགྲན་སྡུར་ལ་འགན་སྲུང་བརྟན་པོ་མཁོ་འདོན་བྱས་ཡོད། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་ཁངས་དར་ལུས་རྩལ་དེ། “ལྷོ་སྤེལ་ནུབ་སྐྱེད་ཤར་འཇུག”གི་འཐབ་ཇུས་གོ་སྐབས་སུ་དམ་འཛིན་བྱས་ཏེ། སྐབས་དང་བསྟུན་ནས། “ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་ལས”བཅས་གཏིང་ཟབ་པོར་མཉམ་འདྲེས་བྱུང་དུ་བཅུག་སྟེ། འདོ་བ་འཁྱག་དེམ་ཁང་སོགས་ཆེད་ལས་ཁོར་ཡུག་ལ་བརྟེན་ནས། ཁངས་དར“ཐོན་ཁུངས་འཁྱག་པོ”ལས་ཟམ་མི་ཆད་པར“དཔལ་འབྱོར་ཚ་པོ”འབྱུང་དུ་བཅུག་ནས། རང་རྒྱལ་གྱི་ཁངས་དར་ལུས་རྩལ་གོང་འཕེལ་གྱི་མཐོ་གནས་གལ་ཆེན་དུ་གྱུར་ཡོད། ཐེངས་འདིའི་འགྲན་སྡུར་སྤེལ་བ་ནི། ཞིང་ཆེན་ཡོངས་ཀྱི་འཁྱག་དེམ་འགྲན་རྩལ་ཆུ་ཚད་ཀྱི་ཕྱོགས་ཡོངས་ཞིབ་བཤེར་ཐེངས་ཤིག་ཡིན་པར་མ་ཟད། ལུས་རྩལ་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་སྟོབས་ཤུགས་གཅིག་བསྡུས་བྱེད་པར་སྟེགས་བུ་གལ་ཆེན་ཞིག་བསྐྲུན་པ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།