ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཐེ་ལང་ཕུའུ་དང་གྲོས་མོལ་མཛད་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ5པའི་ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་མེ་རི་ཁའི་སྲིད་འཛིན་ཐེ་ལང་ཕུའུ་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔའི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་བྱུང་བཞིན་ཡོད་པ་དང་། རྒྱལ་སྤྱིའི་དུས་བབ་ཟང་ཟིང་སྣ་ཚོགས་མཉམ་དུ་འདྲེས་ཡོད་པས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས“ཞིའུ་ཞི་ཏིས་ཏེའི་གཡོ་རྙི”ལས་བརྒལ་ནས་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་མཚོན་གསར་པ་གཏོད་ཐུབ་བམ། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་བཅག་སྟེ། འཛམ་གླིང་ལ་བརྟན་བརླིང་རང་བཞིན་དེ་བས་མང་པོ་བསྣོན་ཐུབ་བམ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་དང་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དམིགས་ཏེ་ཐུན་མོང་ཐོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མཛེས་སྡུག་གི་མ་འོངས་པ་བཏོད་ཐུབ་བམ། འདི་དག་ནི་ལོ་རྒྱུས་ཀྱི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ་ཡིན་ལ། རྒྱལ་ཁབ་ཆེན་པོའི་མགོ་ཁྲིད་པས་ཐུན་མོང་ཐོག་འབྲི་དགོས་པའི་དུས་རབས་ཀྱི་དྲིས་ལན་ཡང་ཡིན། ངས་ཙུང་ཐུང་ཐེ་ལང་ཕུའུ་དང་མཉམ་དུ་ཀྲུང་ཨའི་འབྲེལ་བའི་གྲུ་གཟིངས་ཆེན་པོ་དེར་ཕྱོགས་སྟོན་དང་ཁ་ལོ་ཡག་པོ་བྱས་ནས། 2026ལོ་དེ་ཀྲུང་ཨའི་འབྲེལ་བའི་སྔ་འཛིན་ཕྱི་གཏོད་ཀྱི་ལོ་རྒྱུས་རང་བཞིན་དང་མཚོན་རྟགས་རང་བཞིན་གྱི་ལོ་ཞིག་ཏུ་འགྱུར་བར་བྱེད་འདོད་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨའི་འབྲེལ་བ་བརྟན་བརླིང་དང་སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་ལ་གཞོལ་བཞིན་ཡོད། ང་དང་ཙུང་ཐུང་ཐེ་ལང་ཕུའུ་ཡིས“ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་བརླིང་གི་འབྲེལ་བ”འཛུགས་རྒྱུ་དེ་ཀྲུང་ཨའི་འབྲེལ་བའི་ངེས་གནས་གསར་པར་བརྩིས་ནས། མ་འོངས་ལོ་གསུམ་དང་ཐ་ན་དུས་ཡུན་དེ་བས་རིང་བའི་ཀྲུང་ཨའི་འབྲེལ་བར་འཐབ་ཇུས་ཀྱི་མཛུབ་ཁྲིད་བྱ་རྒྱུར་མོས་མཐུན་ཡོད་པས། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགའ་བསུ་བྱེད་པའི་ཡིད་ཆེས་ཡོད། “དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་བརླིང”ནི་མཉམ་ལས་གཙོ་བོར་བྱེད་པའི་དགེ་མཚན་ལྡན་པའི་བརྟན་བརླིང་ཞིག་ཡིན་དགོས་པ་དང་། འགྲན་རྩོད་ཚད་ཡོད་པའི་བརྟན་བརླིང་བཟང་པོ་ཞིག་ཡིན་དགོས་ལ། ཕྱོགས་འགལ་ཚོད་འཛིན་ཐུབ་པའི་རྒྱུན་རྣམ་བརྟན་བརླིང་ཞིག་ཀྱང་ཡིན་དགོས་ཤིང་། ཞི་བདེ་ལ་རེ་སྒུག་བྱེད་ཆོག་པའི་བརྟན་བརླིང་ཞིག་ཡིན་དགོས། “ཀྲུང་གོ་དང་ཨ་རིའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་བརླིང་གི་འབྲེལ་བ”ཞེས་པ་དེ་འབོད་ཚིག་ཅིག་མིན་པར། ཁ་ཕྱོགས་གཅིག་མཚུངས་ཀྱི་བྱ་སྤྱོད་ཅིག་ཡིན་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཨའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་ཡིན་པ་དང་། ཕྱོགས་འགལ་དང་འགལ་ཟླ་མདུན་དུ་འདྲ་མཉམ་གྲོས་མོལ་བྱ་རྒྱུ་ནི་ཡང་དག་པའི་གདམ་ག་ཁོ་ན་དེ་རེད། ཁ་སང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་ཚོགས་པར་སྤྱིའི་ཆ་ནས་དོ་སྙོམས་དང་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་དེ་ནི་རྒྱལ་ཁབ་གཉིས་ཀྱི་མང་ཚོགས་དང་འཛམ་གླིང་ཚང་མའི་གཏམ་བཟང་ཞིག་རེད། ཕྱོགས་གཉིས་ཀྱིས་མཉམ་དུ་མིག་སྔའི་ཐོབ་དཀའ་བའི་འཕེལ་ཕྱོགས་བཟང་པོར་སྲུང་སྐྱོང་ཡག་པོ་བྱེད་དགོས། ཀྲུང་གོའི་སྒོ་འབྱེད་ཀྱི་སྒོ་མོ་ཇེ་ཆེར་འགྲོ་རྒྱུ་ཡིན་ལ། ཨ་རིའི་ཁེ་ལས་ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ནང་གཏིང་ཟབ་ཏུ་ཞུགས་བཞིན་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ཨ་རིས་ཀྲུང་གོར་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་དགའ་བསུ་ཞུ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་ང་ཚོ་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས། ཆབ་སྲིད་ཕྱི་འབྲེལ་དང་དམག་དཔུང་བར་གྱི་འབྲེལ་གཏུག་ཐབས་ལམ་སྔར་བས་བེད་སྤྱོད་ཡག་པོ་བྱེད་དགོས། དཔལ་འབྱོར་ཉོ་ཚོང་དང་འཕྲོད་བསྟེན། ཞིང་ལས། ཡུལ་སྐོར། མི་ཆོས་རིག་གནས་དང་ཁྲིམས་འཛིན་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་རྒྱ་བསྐྱེད་གཏོང་དགོས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་ཨའི་འབྲེལ་བའི་ཁྲོད་ཀྱི་གནད་དོན་གལ་ཆེ་ཤོས་ཤིག་རེད། ཐག་གཅོད་ཡག་པོ་བྱས་ཚེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྤྱིའི་ཆ་ནས་བརྟན་བརླིང་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་ཐུབ། ཐག་གཅོད་ཡག་པོ་མ་བྱས་ན། རྒྱལ་ཁབ་གཉིས་བར་གདོང་གཏུག་དང་ཐ་ན་འཐབ་འཁྲུག་བྱུང་ནས། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་ཧ་ཅང་ཆེ་བའི་ཉེན་ཁ་གནས་སུ་འགྱུར་ངེས་རེད། “ཐའེ་ཝན་རང་བཙན”དང་ཐའེ་ཝན་མཚོ་འགག་གི་ཞི་བདེ་གཉིས་ནི་ནམ་ཡང་མཐུན་ཐབས་མེད་པ་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་བརླིང་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀྱི་མཐུན་ཆ་ཆེ་ཤོས་ཡིན་པས། ཨ་རིས་ངེས་པར་དུ་གཟབ་ནན་སྒོས་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་དགོས།

ཐེ་ལང་ཕུའུ་ཡིས་བསྟན་དོན། ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཐུབ་པར་ཧ་ཅང་དགའ་པོ་བྱུང་།  ཨ་རི་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་ཡག་པོ་ཡོད། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གཉིས་ཀྱིས་ལོ་རྒྱུས་ཨ་རི་དང་ཀྲུང་གོའི་གཙོ་བདག་དབར་གྱི་འབྲེལ་བ་ཡུན་རིང་ཤོས་དང་ལེགས་ཤོས་བཙུགས་པ་དང་། མཛའ་གྲོགས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས་གནད་དོན་གལ་ཆེན་མང་པོ་ཐག་གཅོད་བྱས་ཡོད།  ཀྲུའུ་ཞི་ཞི་ཅིན་ཕིང་ནི་རླབས་ཆེན་གྱི་མགོ་ཁྲིད་པ་ཞིག་ཡིན་པ་དང་། ཀྲུང་གོ་ནི་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པས། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལ་བརྩི་འཇོག་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད།  དེ་རིང་གི་ཐུག་འཕྲད་ནི་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་ཐུག་འཕྲད་གལ་ཆེན་ཞིག་ཡིན།  ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱས་ཏེ། ལོ་རྒྱུས་ཐོག་གི་ཨ་ཀྲུང་འབྲེལ་བ་ཡག་ཤོས་བཙུགས་ནས། རྒྱལ་ཁབ་གཉིས་ལ་དེ་བས་མཛེས་སྡུག་གི་མ་འོངས་པ་བཏོད་འདོད་ཡོད།  ཨ་ཀྲུང་ནི་འཛམ་གླིང་ཐོག་གལ་ཆེ་ཤོས་དང་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པས། ཨ་ཀྲུང་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་དོན་ཆེན་དང་དོན་བཟང་མང་པོ་བསྒྲུབ་ཐུབ། ངས་ད་ཐེངས་འཚམས་འདྲིར་ཕེབས་སྐབས་ཨ་མེ་རི་ཁའི་བཟོ་ཚོང་ལས་རིགས་ཀྱི་ཕུལ་བྱུང་འཐུས་མིའི་སྣེ་ཁྲིད་ཡོད་པ་དང་། ཁོ་ཚོ་ཚང་མས་ཀྲུང་གོར་བརྩི་འཇོག་དང་མཐོང་ཆེན་བྱེད་བཞིན་ཡོད་ལ། ངས་ཁོང་ཚོར་ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་སྐུལ་ལྕག་གང་ལེགས་གནང་བཞིན་ཡོད།

རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་དབུས་ཤར་ས་ཁུལ་གྱི་དུས་བབ་དང་། ཝུའུ་ཁེར་ལན་གྱི་ཉམས་ཉེན། ཁྲའོ་ཞན་ཕྱེད་གླིང་སོགས་རྒྱལ་སྤྱི་དང་ས་ཁུལ་ཀྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གནང་།  

རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕན་ཚུན་རྒྱབ་སྐྱོར་བྱས་ནས་ད་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་དང་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་རྩེ་ཚོགས་ཡག་པོར་གཉེར་རྒྱུར་མགྲིན་གཅིག་ཏུ་འཐད་པ་བྱུང་།

གྲོས་མོལ་བྱེད་རིང་། ཐེ་ལང་ཕུའུ་ཡིས་འཚམས་འདྲི་བྱེད་མཁན་གྱི་ཨ་རིའི་ཁེ་ལས་མཁས་ཅན་རེ་རེ་བཞིན་ངོ་སྤྲོད་གནང་།  

གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་ཐེ་ལང་ཕུའུ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས། 

ཐེ་ལང་ཕུའུ་འབྱོར་དུས། གུས་དམག་གྲལ་བསྒྲིགས་ནས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་པ་དང་། དམག་མིའི་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས21འཕངས། ཐེ་ལང་ཕུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཕེབས་རོགས་འོག ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མིའི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་མཛད་སྒོ་ལ་གཟིགས།

ཚའེ་ཆི་དང་། ཝང་དབྱི། ཧོ་ལི་ཧྥེང་བཅས་གྲོས་མོལ་ལ་ཞུགས།།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།