ཟླ5ཚེས13ཉིན། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོ་ཐེངས36 པའི་བྱེད་སྒོ་དང་དབང་པོ་སྐྱོན་ཅན་གྱི་གེགས་མེད་ཁོར་ཡུག་འཛུགས་སྐྲུན་ལྟ་སྐུལ་ཉམས་ལེན་བྱེད་སྒོ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱི་པེ་ཅིང་ལམ་ཁྲོམ་གཞུང་དུ་སྤེལ། བྱེད་སྒོས“དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་ལག་བསྟར་བྱས་ནས་དབང་པོ་སྐྱོན་ཅན་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་བསྐྲུན་ནས་དབང་པོ་སྐྱོན་ཅན་གྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་།
ཐེངས་འདིའི་བྱེད་སྒོ་ནི་མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲུབ་འགན་འཁུར་བ། མཚོ་སྔོན་འཇའ་ཚོན་དབང་པོ་སྐྱོན་ཅན་སྒྱུ་རྩལ་ཚོགས་པས་རོགས་སྒྲུབ་བྱས་པ་རེད། བྱེད་སྒོ་དེ་དབང་པོ་སྐྱོན་ཅན་སྒྱུ་རྩལ་ཚོགས་པའི་རིག་རྩལ་འཁྲབ་སྟོན་ཁྲོད་འགོ་བརྩམས་པ་དང་། གླུ་གར་དང་རོལ་དབྱངས་དཀྲོལ་གཏོང་སོགས་འཁྲབ་ཚན་གྱིས་དབང་པོ་སྐྱོན་ཅན་གྱི་རང་སྟོབས་རང་སྤེལ་དང་སྤྲོ་སྣང་ཡར་ཐོན་གྱི་སྙིང་སྟོབས་མངོན་པར་བྱས།
བྱེད་སྒོའི་ཡུལ་དངོས་སུ་སྟབས་བདེའི་ཞབས་ཞུ་བྱེད་སྟངས་མང་པོ་བཀོད་སྒྲིག་ཡོད། དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་ཡུལ་དངོས་སུ་དབང་པོ་སྐྱོན་ཅན་གྱི"བསམ་འདུན་ཆུང་ངུ"ངོས་འཛིན་བྱས་པ་དང་། ལས་བྱེད་མི་སྣས་རམ་འདེགས་ཡོ་བྱད་བྱིན་ནས་བེད་སྤྱོད་བྱེད་སྟངས་མཛུབ་ཁྲིད་བྱས་ཤིང་། རམ་འདེགས་རང་བཞིན་གྱི་ལས་ཞུགས་རྟེན་གཞིའི་ཚིག་ཇ་མྱོང་རོལ་ཁུལ་གྱིས་རིག་སྟོབས་དབང་པོ་སྐྱོན་ཅན་གྱི་ངལ་རྩོལ་གྲུབ་འབྲས་འགྲེམས་སྟོན་བྱས་ཏེ། ཆེད་དོན་ལས་བསྡུའི་ཚོགས་འདུས་དབང་པོ་སྐྱོན་ཅན་ལ་ལས་ཞུགས་སྦྲེལ་ཟམ་བསྐྲུན། བདེ་ཐང་སྐོར་གྱི་སྨན་བཅོས་དང་བཅའ་ཁྲིམས་དྲིལ་བསྒྲགས། སྐྲ་བཞར་བའི་དང་བླངས་ཞབས་ཞུ་བཅས་དུས་གཅིག་ཏུ་སྤེལ་བར་མ་ཟད། ད་དུང་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཐུས་མིར་འཚམས་འདྲི་བྱས།
གེགས་མེད་ཁོར་ཡུག་འཛུགས་སྐྲུན་ལྟ་སྐུལ་ཉམས་ལེན་ནི་ཐེངས་འདིའི་བྱེད་སྒོ་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་པས། ཡུལ་དངོས་སུ་གེགས་མེད་ཁོར་ཡུག་འཛུགས་སྐྲུན་ལྟ་སྐུལ་པར་གདན་ཞུའི་ཡི་གེ་སྤྲད་དེ། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་མཁར་གྲོང་འཛུགས་སྐྲུན། ཞིབ་དཔྱོད་ལས་ཁུངས་ཀྱི་ལས་བྱེད་མི་སྣ། དབང་བོ་སྐྱོན་ཅན་གྱི་འཐུས་མི་དང་གཉེན་ཉེ། སྲིད་གྲོས་ཨུ་ཡོན། རྒན་པའི་འཐུས་མི། ཆེད་ལས་མི་སྣ་བཅས་ཀྱིས་གྲུབ་པའི་ལྟ་སྐུལ་རུ་ཁག་བཙུགས་པ་དང་། དབང་པོ་སྐྱོན་ཅན་གྱི་འཐུས་མིའི་བསྡུར་ཚད་ཕྱེད་ཀ་ལས་བརྒལ་ཡོད། བྱེད་སྒོའི་ཁྲོད་ད་དུང་འབྲེལ་ཡོད་མི་སྣར་ཉེ་འཁོར་གྱི་ལོང་ལམ་དང་གྱེན་ལམ། གེགས་མེད་གློག་སྐས་སོགས་སྒྲིག་ཆས་ལ་དངོས་སུ་ཉམས་ལེན་བྱེད་པར་རྩ་འཛུགས་བྱས་པ་དང་། ལག་བརྡའི་སྐད་སྒྱུར་སྟེགས་བུ་བཙུགས་ཏེ། སྒྲིག་ཆས་ཀྱི་མི་འདང་ས་ཞིབ་བཤེར་བྱས་པ་དང་། གེགས་མེད་ཁོར་ཡུག་དེ་སྒྲིག་ཆས་ཡོད་པ་ནས་བེད་སྤྱོད་བདེ་བ་དང་བེད་སྤྱོད་ཆོག་པ། བེད་སྤྱོད་བྱེད་འདོད་པ་བཅས་སུ་འགྱུར་བར་སྐུལ་འདེད་བཏང་།