ཞིང་ཆེན་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ5 ཚེས13ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་མིག་སྔར་རང་ཞིང་གི་རིམ་པ་གསུམ་པའི་གཞུང་བཙུགས་སྨན་ཁང་གི་སྨན་བཅོས་སྤུས་ཚད་ལ་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། མངོན་གསལ་དོད་པའི་གནད་དོན་འཚོལ་ཞིབ་བྱས་ལ། བྱ་བའི་བྱེད་ཐབས་ཞིབ་འཇུག་བཀོད་སྒྲིག་བྱས་པར་མ་ཟད། སྨན་བཅོས་སྤུས་ཚད་མཐོ་རུ་གཏོང་བ་དང་རིག་ཚན་གྱི་འཇོན་མི་གསོ་སྐྱོང་། ཞིབ་གཉེར་ཅན་གྱི་དོ་དམ། སྨན་བཅོས་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་བཅས་ཕྱོགས་བཞི་ནས་རིམ་པ་གསུམ་པའི་གཞུང་བཙུགས་སྨན་ཁང་གི་སྨན་བཅོས་སྤུས་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། རིམ་པ་གསུམ་པའི་གཞུང་བཙུགས་སྨན་ཁང་ནི་རང་ཞིང་གི་སྨན་བཅོས་ཞབས་ཞུའི་མ་ལག་གི་སྣེ་ཁྲིད་པ་ཡིན་ལ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཤམ་སྐྱོད་ལ་སྐུལ་འདེད་དང་གཞི་རིམ་གྱི་ནུས་པ་མཐོར་འདེགས་ལ་སྣེ་ཁྲིད་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་གཡུལ་ས་གཙོ་བོ་ཡིན། གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། སྨན་བཅོས་སྤུས་ཚད་དང་བདེ་འཇགས་ལྟེ་བར་འཛིན་པ། འཕེལ་རྒྱས་གཏོང་སྟངས་དེ་གཞི་ཁྱོན་རྒྱ་བསྐྱེད་པ་ནས་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་བར་བསྒྱུར་བ་དང་། འཁོར་སྐྱོད་བྱེད་སྟངས་དེ་རགས་ལས་ཅན་གྱི་དོ་དམ་ནས་ཞིབ་ལས་ཅན་གྱི་དོ་དམ་དུ་བསྒྱུར་བ། ཐོན་ཁུངས་བཀོད་སྒྲིག་དེ་དངོས་པོའི་རྒྱུ་རྐྱེན་ལ་དོ་སྣང་བྱེད་པ་ནས་འཇོན་མི་དང་ལག་རྩལ་རྒྱུ་རྐྱེན་ལ་དོ་སྣང་བྱེད་པར་བསྒྱུར་བ་བཅས་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་མང་ཚོགས་ཀྱི་སྨན་བཅོས་མྱོང་ཚོར་ཇེ་ལེགས་སུ་གཏོང་དགོས།

ཚོགས་འདུ་ལས་ཞིང་ཆེན་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་གིས་སྨན་བཅོས་སྤུས་ཚད་མཐོ་རུ་གཏོང་རྒྱུ་དམ་འཛིན་ནན་མོ་བྱས་ཏེ་ནད་བརྟག་སྨན་བཅོས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། སྨན་སྤྱོད་པ་དང་། བརྟག་དཔྱད་བྱེད་པ། སྨན་བཅོས་བྱེད་པ་བཅས་ལུགས་མཐུན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཁ་ཚབས་ཆེན་མྱུར་སྐྱོབ་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། རིག་ཚན་བཀོད་སྒྲིག་ལེགས་སྒྱུར་བྱས་ཏེ་ས་ཁོངས་ཀྱི་ལེགས་ཆ་ལྡན་པའི་ཆེད་ཚན་དང་ཀྲུང་ལུགས་གསོ་རིག་སོགས་ཁྱད་ལྡན་ཆེད་ཚན་གྱི་སྤུས་རྟགས་གཏོད་དགོས། འཇོན་མི་ནང་འདྲེན་དང་གསོ་སྐྱོང་བྱེད་པ། ཕོགས་སྣོན་སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཞིང་ཆེན་ཕྱི་ནང་གི་སྡེ་ཁག་མང་པོ་དང་མཉམ་ལས་གཏིང་ཟབ་བྱེད་པ། ནད་ཐོག་སྨན་བཅོས་དང་རིག་ཚན་ཞིབ་འཇུག་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། གཉེར་སྐྱོང་དོ་དམ་ཞིབ་ཚགས་ལ་སྐུལ་འདེད་གཏོང་བ་དང་། མ་གནས་ཞིབ་རྩིས་དང་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། རིག་ལྡན་སྨན་ཁང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། སྨན་བཅོས་བྱེད་པའི་གོ་རིམ་ལེགས་སྒྱུར་དང་སྨན་བཅོས་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ནས་ཞབས་ཞུའི་མྱོང་ཚོར་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།