ཉེ་ཆར། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རང་ཞིང་ལ2026ལོའི་སྐོར་ཐེངས་དང་པོའི་གུན་ཚབ་ལས་སྤྲོད་ཀྱི་ཀྲུང་དབྱང་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར་གསུམ་བྱེ་བ་གཉིས་ས་ཡ་བདུན་འབུམ་བདུན་ཁྲི་བརྒྱད་གནང་ལ། 2025ལོར་བསྡུར་ན་དུས་མཉམ་ལས་སྒོར་བྱེ་བ་གསུམ་ས་ཡ་གསུམ་འབུམ་གཉིས་ཁྲི་གཉིས་ཀྱིས་ཇེ་མང་དུ་སོང་ཡོད་པ་དང་། འཕར་ཚད་བརྒྱ་ཆའི་བཅུ་གཅིག་གྲངས་ཆུང་གཉིས་བརྒྱད་རེད། མིག་སྔར། དངུལ་འཇོག་འཆར་གཞི་རིམ་དགར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8ལ་ཁྱབ་ཡོད་ཅིང་། གཙོ་བོ་རྫོང17གྱིས་ལག་བསྟར་བྱེད་ཀྱིན་པའི་ཞིང་སྡེའི་འབྲིང་ཆུང་རང་བཞིན་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཞི56ལ་རོགས་སྐྱོར་བྱ་རྒྱུ་རེད། དེའི་ནང་དུ་གཙོ་བོར་སྡེ་བ་དང་ཁྱིམ་ཚང་གི་ཨར་འདམ་བགྲོད་ལམ་དང་། ཆུ་ལམ་ཡུར་རྐ་ཞིག་གསོ་སོགས་ཀྱི་བཟོ་སྐྲུན་ཚུད་ཡོད།
ཐེངས་འདིའི་ལས་གཞིར་མང་ཚོགས8700ལྷག་རྩ་འཛུགས་བྱས་ཏེ་བཟོ་སྐྲུན་འཛུགས་སྐྲུན་ནང་ཞུགས་རྒྱུའི་འཆར་གཞི་ཡོད་ལ། དེའི་ནང་ཕྱིར་ལོག་ཞིང་བ་ཞོར་ལས་པ་དང་། དབུལ་ཐར་མི་སྣ་སོགས་གཙོ་གནད་མི་ཚོགས་འདུས་ཡོད། སྔོན་དཔག་ངལ་ལས་གླ་ཆ་སྒོར་དུང་ཕྱུར་གཅིག་བྱེ་བ་གསུམ་ས་ཡ་བཞི་སྟེར་རྩིས་ཡོད། གྲོང་ཁྱེར་དང་ཁུལ་སོ་སོར་ལས་གཞི་འཛུགས་སྐྲུན་ནི་ལས་སྟེགས་ཀྱི་གཞི་རྟེན་ཡིན་པ་དང་། ལས་ཞུགས་ཡོང་འབབ་འཕར་སྣོན་ནི་རྩ་བའི་དམིགས་འབེན་ཡིན་པའི་འདུ་ཤེས་བརྟན་པོ་ཆགས་ནས། ཕྱོགས་ཡོངས་ནས་གུན་ཚབ་ལས་སྤྲོད་ཀྱིས་སྡེ་མིས་རང་སྐྲུན་བྱེད་སྟངས་ཁྱབ་གདལ་བཏང་སྟེ། རྫོང་ཁོངས་ཀྱི་མང་ཚོགས་རྣམས་བཟོ་སྐྲུན་འཛུགས་སྐྲུན་ནང་ཞུགས་སུ་འཇུག་དགོས། ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལས་མི་རྩ་འཛུགས་བྱེད་པ། ངལ་ལས་གླ་ཆ་སྤྲོད་པ་དང་མཉམ་དུ། ངལ་ལས་རྩལ་ནུས་གསོ་སྦྱོང་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་སོགས་རྒུད་སྐྱོབ་བྱེད་སྟངས་སྣ་ཚོགས་ཧུར་ཐག་གིས་རྒྱ་སྐྱེད་ནས། ལས་ཞུགས་ཤོང་ཚད་སྔར་ལས་ཆེ་རུ་བཏང་སྟེ“རྒུད་སྐྱོབ”ཀྱི་ཕྱོགས་བསྡུས་ཕན་འབྲས་སྔར་ལས་ལེགས་པར་འདོན་སྤེལ་བྱ་རྒྱུ་རེད།
ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རིམ་པ་སོ་སོའི་འཕེལ་རྒྱས་བཅོས་སྒྱུར་སྡེ་ཁག་ལ་སྐུལ་འདེད་དང་མཛུབ་སྟོན་བྱས་ཏེ། ལས་གཞིའི་གོ་རིམ་དང་། ལས་མི་རྩ་འཛུགས། མ་དངུལ་བེད་སྤྱོད། བཟོ་སྐྲུན་སྤུས་ཚད་བཅས་ཀྱི“འགག་སྒོ་བཞི”ནན་འཛིན་བྱས་ནས། བརྒྱུད་རིམ་ཧྲིལ་པོའི་ལྟ་ཞིབ་ཚད་ལེན་བཀོད་གཏོང་དང་བཀག་སྡོམ་དོ་དམ་ལ་ཤུགས་བསྣན་ཏེ། དུས་ཐོག་ཏུ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་ཤ་གཅོད་པ་དང་། ཆད་ལུས་ཁ་གསབ། ཚད་ལྡན་ཆོད་ཆེའི་སྒོ་ནས་གུན་ཚབ་ལས་སྤྲོད་ཀྱི་ལས་གཞི་ལག་བསྟར་བྱ་རྒྱུ་རེད།