མཚོ་ལྷོ་ཁུལ་གྱིས་གུན་ཚབ་ལས་སྤྲོད་ཀྱི་ལས་གཞི28ལ་བརྟེན་ནས་གྲོང་གསེབ་དར་སྤེལ་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ5པའི་ཚེས13ཉིན་བར་དུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས2026ལོའི་གུན་ཚབ་ལས་སྤྲོད་ཀྱི་ལས་གཞི་བསྡོམས་པས40རེ་ཞུ་ཞུས་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གཉིས་བྱེ་བ་གསུམ་བཏང་བ་དེའི་ནང་། ལས་གཞི28ལ་ཀྲུང་དབྱང་གིས་མ་དངུལ་བྱིན་ཡོད་ཅིང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་བཞི་བཏང་བ་དེས། ཞིང་ཆེན་ཡོངས་ཀྱི་དངོས་སུ་མར་བྱིན་པའི་སྤྱི་འབོར་གྱི28%ཟིན་ཡོད་ལ། གྲོང་གསེབ་དར་སྤེལ་ལ་སྒུལ་ནུས་ཆེན་པོ་བསྩལ་ཡོད།

ད་ལོ་ནས་བཟུང་། མཚོ་ལྷོ་ཁུལ་གྱིས་གཞི་རིམ་རོང་འབྲོག་མང་ཚོགས་ཀྱི་དགོས་མཁོ་དང་རེ་ལྟོས་ལ་དམ་པོར་དམིགས་ཏེ། གུན་ཚབ་ལས་སྤྲོད་ལས་གཞིའི་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་བརྟེན། གུན་ཚབ་ལས་སྤྲོད་ཀྱི་ལས་གཞི་རེ་ཞུ་དང་མ་དངུལ་བརྩོན་ལེན་ཐད་ཕན་འབྲས་མངོན་གསལ་བླངས།

ལས་གཞི་ལག་བསྟར་བྱེད་ཚད་སྔར་ལས་ཚད་ལྡན་དུ་གཏོང་ཆེད། ཟླ5པའི་ཚེས9ཉིན། མཚོ་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་གུན་ཚབ་ལས་སྤྲོད་ལས་གཞིའི་གསོ་སྦྱོང་ཚོགས་འདུ་བསྡུས་ཏེ། རྫོང་སོ་སོའི་འཕེལ་རྒྱས་བཅོས་སྒྱུར་དང་འགྲིམ་འགྲུལ། ཆུ་བེད་སོགས་འབྲེལ་ཡོད་སྡེ་ཁག་དང་། ཞང་དང་གྲོང་རྡལ་སོ་སོ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། ཧྲུའུ་ཅི་དང་པོ་སོགས་མི90ལྷག་གསོ་སྦྱོང་ཁྲོད་ཞུགས། གསོ་སྦྱོང་གིས་མཚོ་ལྷོ་ཁུལ་འཕེལ་རྒྱས་ཀྱི་དོན་དངོས་ལ་རྐང་ཚུགས་པར་བྱས་པ་དང་། སྲིད་ཇུས་དོན་འཁྱོལ་དང་ལས་གཞི་དངོས་སྦྱོང་ལ་དམིགས་ཏེ། ལས་གཞིའི་དུས་འགོའི་ཇུས་འགོད་དང་ཇུས་གཞིའི་སྒྲིག་ལུགས་ཀྱི་གཙོ་གནད། ལས་གཞི་འཛུགས་པར་ཞིབ་བཤེར། མ་དངུལ་དོན་འཁྱོལ་སོགས་བརྒྱུད་རིམ་གཙོ་བོ་ཁག16ལ་རེ་རེ་བཞིན་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་སྒོ་ནས་འགྲེལ་བཤད་བརྒྱབ་སྟེ། སྲིད་ཇུས་ཀྱི་རྒྱབ་སྐྱོར་ཚད་བཀག་དང་བཀག་རྒྱའི་གསལ་ཐོ་གནད་ལ་འཁེལ་བའི་སྒོ་ནས་དབྱེ་འབྱེད་བྱས་ནས། ལས་གཞི་ལག་བསྟར་གྱི་ཉེན་མཚམས་དང་ལུགས་མཐུན་གྱི་བླང་བྱ་སྔར་ལས་ཁ་གསལ་བཟོས་ཡོད། དུས་མཚུངས་སུ། ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་གུན་ཚབ་ལས་སྤྲོད་ཀྱི་ལས་གཞི་ལག་བསྟར་བྱས་པའི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ། ཡོངས་བསྒྲགས་སྤྱི་བསྒྲགས་ཚད་ལྡན་དང་ངལ་རྩོལ་པར་གླ་ཆ་འདང་ངེས་དུས་ཐོག་ཏུ་སྤྲོད་པ། ལས་གཞི་ལྟ་སྡོམ་སོགས་ནོར་འཁྲུལ་དང་མཉམ་བསྲེས་སླ་བའི་གནད་འགག་ལས་རིམ་ལ་དམིགས་ནས། གཙོ་གནད་དབྱེ་ཞིབ་དང་ཉེན་ཁར་སྔོན་དཔག་ཉེན་བརྡ་གཏོང་བའི་ལས་སྒོ་སྤེལ།

ད་ཐེངས་ཀྲུང་དབྱང་གིས་དངོས་སུ་བྱིན་པའི་གུན་ཚབ་ལས་སྤྲོད་ལས་གཞི28ཁྲོད། ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་ཆུང་འབྲིང་གི་ཞན་ཆར་དམིགས་པ་དང་། སྡེ་བ་དང་ཁྱིམ་ཚང་བར་གྱི་བགྲོད་ལམ་ཇེ་ལེགས་སུ་གཏོང་བ། ཆུ་ལམ་དང་ཡུར་རྐ་ཉམས་གསོ་སོགས་དམངས་འཚོའི་བཟོ་སྐྲུན་མང་པོ་ཚུད་ཡོད། ལས་གཞི་ལག་བསྟར་བྱས་རྗེས། སྔོན་དཔག་བྱས་པ་ལྟར་ན། ས་གནས་དེ་གའི་ལས་མི3999བསྡུ་ལེན་ཐུབ་རྒྱུ་དང་། ངལ་ལས་གླ་ཆ་སྒོར་བྱེ་བ་ལྔ་དང་ས་ཡ་ལྔ་འབུམ་གཅིག་ཁྲི་གསུམ་སྤྲད་ནས། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་དང་སྟོང་གསུམ་བདུན་བརྒྱ་ཡན་ལ་འཕར་ཐུབ་པ་བྱུང་ནས། “རང་ཁྱིམ་གྱི་སྒོ་ཁ་ནས་ལས་ཞུགས་བྱེད་ཐུབ་པ་དང་ངལ་རྩོལ་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་ཐུབ་པ”དངོས་གནས་མངོན་འགྱུར་བྱ་རྒྱུ་རེད།

ལས་གཞིར་སྐུལ་འདེད་གཏོང་བའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གུན་ཚབ་ལས་སྤྲོད་ཀྱི་ལས་གཞིའི་གཙོ་གནད་རྫོང་ཡིན་པའི་གུང་ཧོ་རྫོང་ལ་ཕན་འབྲས་མངོན་གསལ་བཐོབ་རྒྱུ་རེད། ད་ལོར་གུང་ཧོ་རྫོང་གིས་ལས་གཞི29རེ་ཞུ་ཞུས་པ་དེས་ཁུལ་ཡོངས་ཀྱི་རེ་ཞུའི་ལས་གཞིའི་བསྡོམས་འབོར་གྱི72%ཟིན་པ་དང་། མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་ལྔ་གཏོང་རྩིས་ཡོད་པ་དེས། ཁུལ་ཡོངས་ཀྱི་སྤྱིའི་མ་དངུལ་གཏོང་གྲངས་ཀྱི 65%ཟིན་ཡོད། གུང་ཧོ་རྫོང་གིས་རེ་ཞུ་ཞུས་པའི་ལས་གཞི་ཚང་མ་དོན་འཁྱོལ་བྱས་རྗེས། སྔོན་དཔག་བྱས་ན་ལས་མི4200ཡན་བསྡུ་ལེན་བྱེད་ཐུབ་པ་དང་། ངལ་ལས་གླ་ཆ་སྒོར་བྱེ་བ་ལྔ་ས་ཡ་ལྔ་ཡན་སྟེར་ཐུབ་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།