ཟླ5པའི་ཚེས13ཉིན། 2026ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་བྱ་བའི་བརྙན་རིས་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་ཟབ་མོ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་པར་མ་ཟད། 2025ལོའི་བྱ་བར་སྤྱི་བསྡོམས་བྱས་པ་དང་། 2026ལོའི་བཅོས་སྒྱུར་ལས་འགན་གཙོ་བོར་བཀོད་སྒྲིག་བྱས།
ཚོགས་འདུ་ལས་བསྟན་དོན། 2025ལོར་ཞིང་ཆེན་ཡོངས་ཀྱིས་བདེ་ཐང་མཚོ་སྔོན་གྱི2035ལོའི་འཐབ་ཇུས་དམིགས་འབེན་གཏན་འཁེལ་བྱས་ནས། “སྨན་བཅོས་གསུམ”གྱི་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་གི་གཙོ་ཐིག་དམ་འཛིན་ནན་མོ་བྱས་ཏེ། ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་གྱི་ལས་དོན་སོ་སོར་སྐུལ་འདེད་ཏན་ཏིག་བཏང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་ཤོང་སྐྱེད་སྤུས་འདེགས་དང་། སྨན་བཅོས་འགན་སྲུང་དང་སྨན་རྫས་ལ་མཉམ་དུ་ཤུགས་བསྣན་པ། སྨན་བཅོས་ཞབས་ཞུ་དང་སྤྱི་པའི་འཕྲོད་བསྟེན་ནུས་པ་དུས་མཉམ་གཅིག་ཏུ་ཆེ་རུ་བཏང་བ་བཅས་བྱས་ནས། ཞིང་ཆེན་ནང་ཁུལ་གྱི་ནད་གཞི་བརྟག་དཔྱད་བྱེད་དཀའ་བ་དང་ནད་གཞི་ཚབས་ཆེན་རིགས་ཀྱི་སྨན་བཅོས་བྱེད་ནུས་མངོན་གསལ་སྒོར་ཇེ་མཐོར་ཕྱིན་པ། མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་རྒྱུན་མཐུད་ངང་ཇེ་ཡང་དུ་ཕྱིན་པ། རྫོང་ཁོངས་ཀྱི་སྨན་བཅོས་བྱེད་ཚད་བརྟན་པོའི་ངང་ཇེ་མཐོར་ཕྱིན་པ། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་འགོག་ཐིག་རྒྱུན་མཐུད་ངང་ཇེ་བརྟན་དུ་ཕྱིན་པ། ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་ལས་དོན་བརྟན་པོའི་ངང་ཟབ་སྤེལ་བྱེད་ཀྱིན་ཡོད།
ཚོགས་འདུ་ལས་བླང་བྱ་བཏོན་དོན། ས་གནས་དང་སྡེ་ཁག་སོ་སོས《མཚོ་སྔོན་ཞིང་ཆེན་གྱི2026ལོའི་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་གྱི་གཙོ་གནད་ལས་འགན》ལྟར་དུ་དོན་འཁྱོལ་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས། གཙོ་གནད་ཐོད་བརྒལ་བྱས་ནས་སྨན་བཅོས་བཅོས་སྒྱུར་ལས་དོན་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས་པ་དང་། བདེ་ཐང་ཀུན་གྱི་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་གཏན་འཁེལ་བྱེད་པ། བདེ་ཐང་ལ་སྐུལ་སྤེལ་གཏོང་བའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ཇེ་རིང་དུ་གཏོང་བའི་བྱ་སྤྱོད་སྤེལ་འགོ་རྩོམ་པ་བཅས་བྱས་ནས། མང་ཚོགས་ལ་བདེ་ཐང་འཚོ་བའི་འདུ་ཤེས་ཡག་པོ་ཞིག་ཆགས་པར་སྣེ་ཁྲིད་བྱེད་དགོས། གཞུང་གཉེར་སྨན་ཁང་གི་སྤྱི་ཕན་རང་བཞིན་རྒྱུན་འཁྱོངས་དང་། ཡུལ་བབ་དང་བསྟུན་ནས་སན་མུན་གྲོང་ཁྱེར་གྱི་སྨན་བཅོས་བཅོས་བསྒྱུར་ཉམས་མྱོང་སློབ་སྦྱོང་དང་ཁྱབ་གདལ་བཏང་སྟེ། གཞུང་གཉེར་སྨན་ཁང་གི་སྲིད་ཇུས་འགན་སྲུང་དང་ནང་ཁུལ་དོ་དམ། ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བཅས་སྔར་ལས་འཐུས་ཚང་དུ་བཏང་། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ། རིམ་པ་དབྱེ་བའི་སྨན་བཅོས་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་སྐྱོད་པར་སྐུལ་འདེད་གཏོང་དགོས། སྨན་བཅོས་འགན་སྲུང་ལམ་ལུགས་ཀྱི་བཅོས་སྒྱུར་ཟབ་སྤེལ་གཏོང་བ་དང་། འབྲེལ་ཡོད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་གཅིག་འདོམས་སྐུལ་འདེད་བཏང་སྟེ། རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་རྒྱུན་མི་ཆད་པའི་སྒོ་ནས་ཇེ་མཐོར་གཏོང་དགོས།