ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་མི་རིགས་སློབ་ཆེན་དུ་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ5པའི་ཚེས13ཉིན།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།   ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་མི་རིགས་སློབ་ཆེན་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་སློབ་གསོའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་མོ་བྱེད་པ།    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་རྒྱུ་དེ་སློབ་སྒྲུབ་སློབ་བཅོས་དང་སློབ་ཁྲིད་མི་སྐྱོང་གི་གོ་རིམ་ཧྲིལ་བོའི་ཁྲོད་འདྲེས་པར་བྱེད་པ།   དེང་རབས་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་སློབ་ཆེན་རྩེ་གྲ་འབད་པས་འཛུགས་སྐྲུན་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གྲྭའི་ལོ་རྒྱུས་ཁང་དུ།   ལུའོ་ཏུང་ཁྲོན་གྱིས་ཡིག་ཚང་པར་རིས་རྒྱུ་ཆ་དང་དངོས་རྫས་འགྲེམ་སྟོན་རབ་དང་རིམ་པར་བལྟས་ཤིང་།  སློབ་གྲྭའི་སློབ་སྒྲུབ་ལོ་རྒྱུས་དང་འཕེལ་རྒྱས་བརྒྱུད་རིམ།   འཇོན་མི་གསོ་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།  ཁོས་བཤད་རྒྱུར།   རང་རྒྱལ་གྱི་སློབ་གྲྭ་བཙུགས་པ་ཆེས་སྔ་བའི་མི་རིགས་སློབ་གླིང་གྲས་ཀྱི་གཅིག་ཡིན་པའི་ཆ་ནས།  མཚོ་སྔོན་མི་རིགས་སློབ་ཆེན་ནི་རང་ཞིང་གི་རིགས་སོ་སོའི་བྱང་ཚད་མཐོ་བའི་འཇོན་མི་གསོ་སྐྱོང་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པར་སྐུལ་འདེད་གཏོང་བའི་རྟེན་གཞི་གལ་ཆེན་ཞིག་ཡིན་ཞིང་།     མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་དར་རྒྱས་འཕེལ་རྒྱས་མངོན་པར་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཀྱང་ཡིན་པས།   ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་།   ཏང་གི་ཆེད་དུ་མི་སྐྱོང་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་སྐྱོང་བའི་ཐོག་མའི་དམ་བཅའ་ཡིད་ལ་བརྟན་པོར་འཛིན་དགོས་ལ།    ཀུན་སྤྱོད་ལ་བརྟེན་ནས་མི་གཞི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་དང་སློབ་སྒྲུབ་སྲོལ་རྒྱུན་བཟང་བོ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད།  རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། གསར་བརྗེའི་སློབ་གྲྭའི་ལོ་རྒྱུས་ཀྱི་མི་སྐྱོང་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཤིང་།   ཁ་གཏད་རོགས་སྐྱོར་མཐོ་རིམ་སློབ་གྲྭའི་བར་གྱི་སྤེལ་རེས་མཉམ་ལས་ལ་རྒྱུན་མཐུད་ངང་ཤུགས་སྣོན་དགོས་ལ།   སློབ་གསོ་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག  འཇོན་མིའི་གསོ་སྐྱོང་བཅས་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་སྟེ། སློབ་གྲྭའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པའི་ཞིབ་འཇུག་རྟེན་གཞི་རུ།  ལུའོ་ཏུང་ཁྲོན་གྱིས་རིག་ཚན་འཛུགས་སྐྲུན་དང་ཚན་རིག་ཞིབ་འཇུག འཇོན་མི་གསོ་སྐྱོང་།  རིག་མཛོད་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱས།    ཁོས་ནན་གྱིས་བསྟན་དོན།   སྟེགས་བུའི་བྱེད་ནུས་སྔར་ལས་འདོན་སྤེལ་བྱེད་པ་དང་།  རྨང་གཞིའི་གཞུང་ལུགས་དང་ལག་ལེན་གནད་དོན་གལ་ཆེན་ཐད་ཀྱི་ཞིབ་འཇུག་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ།  མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་མི་རིགས་ཞིབ་འཇུག་གི་རིག་ཚན་མ་ལག་དང་རིག་གཞུང་མ་ལག   སྐད་ཆའི་མ་ལག་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཕུལ་བྱུང་འཇོན་མི་གསོ་སྐྱོང་དང་རིག་གཞུང་ཞིབ་འཇུག་ལ་ཤུགས་སྣོན་པའི་ཐད་གྲུབ་འབྲས་སྔར་ལས་མང་པོ་འཐོབ་རྒྱུར་བརྩོན་ལེན་བྱེད་དགོས། ལུའོ་ཏུང་ཁྲོན་གྱིས་རྒྱ་ཆེའི་དགེ་སློབ་རྣམས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པའི་བརྒྱུད་སྒྲོག་པ་དང་ལག་ལེན་པ་བྱས་ཏེ། དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་ཟབ་མོ་གཏོང་བའི་ཐད་རིག་སྟོབས་འབུལ་དགོས།

མདོ་དབུས་མཐོ་སྒང་གི་གྲོ་མའི་ཐོན་ལས་ཞིབ་འཇུག་གླིང་དུ།  ལུའོ་ཏུང་ཁྲོན་གྱིས་ཡུལ་དངོས་ནས་གྲོ་མའི་རིགས་སྣ་གསོ་སྤེལ་དང་མིས་བཟོས་འདེབས་འཛུགས།   ཐོན་རྫས་ཞིབ་སྤེལ།   གྲུབ་འབྲས་རྣམ་སྒྱུར་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས།  ཁོས་ནན་གྱིས་བསྟན་དོན།  ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བསྐྲུན་པར་དམིགས་ནས། གྲོ་མའི་བཟའ་བཏུང་དང་སྨན་བཀོལ།  སྐྱེ་ཁམས་སོགས་ཀྱི་བཀོལ་སྤྱོད་རིན་ཐང་སྔར་ལས་སྔོག་འདོན་བཟང་བོ་བྱེད་པ་དང་། རྒྱུན་ཆད་མེད་པར་གནད་འགག་ལག་རྩལ་ཐད་ཀྱི་འགག་སྒྲོལ་ལ་ཤུགས་སྣོན་པ།   སོན་བཟང་འདེབས་གསོ་དང་བ་ཚྭ་ཅན་གྱི་ས་ཞིང་ལ་འདེབས་འཛུགས།   ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་གསར་སྤེལ་བཅས་ལ་གཞི་གཅིག་སྐུལ་འདེད་གཏོང་བ།    ཤར་ནུབ་རྒྱུད་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལམ་སྲོལ་བེད་སྤྱོད་བཟང་བོ་དང་། ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་དེ་ཐོན་ལས་ཆེན་པོར་འགྱུར་བར་བྱེད་པ་བཅས་བྱས་ཏེ། གཞི་ཁྱོན་ཅན་དང་ཐོན་ལས་ཅན།  སྤུས་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་དགོས།

སློབ་གྲྭའི་དཔེ་མཛོད་ཁང་གི་གནའ་དཔེ་ཁང་དུ།  ལུའོ་ཏུང་ཁྲོན་གྱིས་གནའ་དཔེ་རྩ་ཆེན་རེ་རེར་ཞིབ་ཏུ་བལྟས་པ་དང་།   དཔེ་མཛོད་ཁང་དུ་ཉར་བའི་རིག་དངོས་སྲུང་སྐྱོབ་དང་འགྲེམ་སྟོན། བེད་སྤྱོད་བཅས་ཐད་ཀྱི་གནས་ཚུལ་མཚམས་སྦྱོར་ལ་ཉན།  ཁོས་བསྟན་དོན།   གནའ་དཔེ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པས།  གནའ་དཔེ་སྲུང་སྐྱོབ་ཉམས་གསོ་དང་ཕྱོགས་བསྡུས་བེད་སྤྱོད་ལ་ཤུགས་སྣོན་པ་དང་།    ཡིག་ཚང་རྒྱུ་ཆ་རྩ་ཆེན་ལ་ཞིབ་འཇུག་ཟབ་མོ་བྱེད་པ།   ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་སྐྲུན་རང་བཞིན་གྱི་རྣམ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  གནའ་དཔེ་ཁྲོད་ཀྱི་ཡིག་འབྲུ་རེ་རེར་གསོན་ཤུགས་ལྡན་པ་བཅས་བྱས་ནས། སྲོལ་རྒྱུན་རིག་གནས་དར་སྤེལ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་པར་ཕུན་སུམ་ཚོགས་པའི་རིག་གནས་ཉིད་བཅུད་འདོན་སྤྲོད་བྱེད་དགོས།

དབྱང་ཀྲི་ཝུན་རྟོག་ཞིབ་ཁྲོད་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།