ཞི་ཅིན་ཕིང་གིས་ཐ་ཇི་ཁོ་སི་ཐན་གྱི་སྲིད་འཛིན་དང་གྲོས་མོལ་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ5པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐ་ཇི་ཁོ་སི་ཐན་གྱི་སྲིད་འཛིན་ལཱ་ཧོ་མེང་དང་གྲོས་མོལ་གནང་།

ཟླ5པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཐ་ཇི་ཁོ་སི་ཐན་གྱི་སྲིད་འཛིན་ལཱ་ཧོ་མེང་དང་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་ཐ་ཇི་ཁོ་སི་ཐན་རང་བཙན་བྱུང་ནས་ལོ་ངོ35འཁོར་བ་དང་རྒྱལ་ཁབ་འཛུགས་སྐྲུན་ཐད་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པར་རྟེན་འབྲེལ་ཞུས།  ཞི་ཅིན་ཕིང་གིས་བསྟན་དོན།  ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ནི་ཀྲུང་གོ་དང་ཐ་ཇི་ཁོ་སི་ཐན་བར་གྱི་འབྲེལ་བའི་དོན་སྙིང་ཡིན། ཕྱིའི་ཁོར་ཡུག་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་ཀྲུང་ཐ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ནི་ནམ་ཡང་ཕན་ཚུན་རོགས་རེས་ཀྱི་ཁྱིམ་མཚེས་ཡག་པོ་དང་། ལྷག་བསམ་ཟོལ་མེད་དང་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་བོ།  ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་བའི་གྲོགས་པོ་བཟང་བོ་བཅས་ཡིན།  ཕྱོགས་གཉིས་ཀྱིས《ཀྲུང་ཐ་རྒྱལ་ཁབ་གཉིས་ཀྱི་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་པ་དེས།  རྒྱལ་ཁབ་གཉིས་ཀྱི་ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་རྟོན་བྱེད་ཚད་གང་ལེགས་ཀྱིས་མངོན་པར་བྱས་ཏེ།  ཀྲུང་གོ་དང་ཐ་ཇི་ཁོ་སི་ཐན་བར་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བར་སྲ་ཞིང་བརྟན་པའི་འགན་སྲུང་བྱས་ཡོད།   ཀྲུང་གོ་ཕྱོགས་ཀྱིས་ཐ་ཇི་ཁོ་སི་ཐན་ཕྱོགས་དང་མཉམ་དུ།  ཀྲུང་གོ་དང་ཐ་ཇི་ཁོ་སི་ཐན་བར་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་གྲུབ་པར་སྐུལ་འདེད་བཏང་སྟེ།  རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་ཐ་ཇི་ཁོ་སི་ཐན་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་།  ཐ་ཇི་ཁོ་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་། བདེ་འཇགས་བཅས་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན།  ད་ལོ་ནི་ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོ་ཡིན་པ་དང་།  ཐ་ཇི་ཁོ་སི་ཐན་ཕྱོགས་ཀྱིས“2030ལོའི་སྔོན་གྱི་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད།  ཕྱོགས་གཉིས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་གཙོ་བོར་བཟུང་སྟེ།   འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་བྱས་ནས་རང་སོ་སོའི་འཕེལ་རྒྱས་ཀྱི་དམིགས་འབེན་ལ་རོགས་རམ་བྱེད་དགོས།  དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་ཀྱི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དུ་གཏོང་བ་དང་མཉམ་ལས་ཀྱི་བག་ཤུགས་སྔོག་འདོན་བྱས་ནས།  ཉོ་ཚོང་དངུལ་འཇོག་གི་གཞི་ཁྱོན་དང་སྤུས་ཚད་དུས་གཅིག་ཏུ་མཐོ་རུ་གཏོང་བ་དང་།  གཙོ་གནད་ལས་གཞི་ལག་བསྟར་བྱེད་པར་འགན་སྲུང་བྱེད་དགོས། ལྗང་མདོག་ནུས་ཁུངས་དང་གྲངས་འཛིན་དཔལ་འབྱོར། རིག་ལྡན་གྲོང་ཁྱེར། མིས་བཟོས་རིག་ནུས་སོགས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས་ཚན་རྩལ་གསར་གཏོད་ཀྱི་སྒུལ་ནུས་ཆེ་རུ་གཏོང་དགོས། མི་ཚུལ་རིག་གནས་སྤེལ་རེས་ཇེ་ཟབ་ཏུ་གཏོང་བ་དང་ས་གནས་མཉམ་ལས་ཀྱི་རྣམ་པ་གསར་པ་བཏོད་དེ།  རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕན་ཚུན་རྒྱུས་མངའ་དང་མཛའ་མཐུན་ཡོང་བར་སྐུལ་སྤེལ་གཏོང་དགོས།  ཁྲིམས་བསྟར་བདེ་འཇགས་ཀྱི་མཉམ་ལས་ལ་ཤུགས་བརྒྱབ་སྟེ“ངན་ཤུགས་གསུམ”ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་ཐུན་མོང་ཐོག་ས་ཁུལ་གྱི་བརྟན་བརླིང་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇི་ཁོ་སི་ཐན་རྒྱལ་སྤྱིའི་བར་འདུམ་ཁང་དུ་ཞུགས་པར་དགའ་བསུ་ཞུ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་ཡ་གླིང་དབུས་མའི་ལམ་སྲོལ་སོགས་སྒྲོམ་གཞིའི་ནང་མཉམ་ལས་ལ་ཤུགས་རྒྱག་པའི་རེ་བ་ཡོད་ལ།  ཕྱོགས་མང་རིང་ལུགས་དངོས་ལག་ལེན་དུ་བསྟར་ནས་སྔར་ལས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན།

ལཱ་ཧོ་མེང་གིས་ཐ་ཇི་ཁོ་སི་ཐན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད་པས།  ཉོ་ཚོང་དང་དངུལ་འཇོག འགྲིམ་འགྲུལ། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཕན་འབྲས་ཐོན་ཡོད། ལས་གཞི་གལ་ཆེན་བདེ་བླག་ངང་སྐུལ་འདེད་བཏང་ཡོད། མི་ཚུལ་སྤེལ་རེས་ཉིན་བཞིན་ཇེ་ཟབ་ཏུ་ཕྱིན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཕྱོགས་གཉིས་ཀྱིས་ཚེས12ཉིན《ཀྲུང་ཐ་རྒྱལ་ཁབ་གཉིས་ཀྱི་ཡུན་རིང་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་པ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་དུས་རིམ་གསར་པར་སླེབས་ཏེ།   རྒྱལ་ཁབ་གཉིས་ཀྱི་ཡུན་རིང་མཉམ་ལས་ལ་མདུན་ལྗོངས་གསར་པ་གཏོད་རྒྱུ་ཡིན་པ་མཚོན་ཡོད། ཐའེ་ཝན་ནི་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་ཐ་ཇི་ཁོ་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱིན་ཡོད།  ཐ་ཇི་ཁོ་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གཏེར་ཁ་གཙོ་བོ་དང་མིས་བཟོས་རིག་ནུས། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་རྒྱག་རྒྱུའི་རེ་སྒུག་བྱས་ཡོད། མི་སྣའི་འགྲོ་འོང་སྟབས་བདེ་ཡོང་བར་བྱས་ནས་སློབ་གསོ་སྤེལ་རེས་ལ་ཤུགས་བརྒྱབ་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་གྲོས་འགོ་བཏོན་པ་དེར་འཛམ་གླིང་ལ་དོན་སྙིང་གལ་ཆེན་ལྡན། ཐ་ཇི་ཁོ་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་ཆབ་སྲིད་ཐོག་ནས་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐག་གཅོད་བྱ་ཆེད་འབད་བརྩོན་ལྷོད་མེད་བྱས་ཤིང་།  དབུས་ཤར་ས་ཁུལ་གྱི་གནས་བབ་ཞི་ལྷོད་དུ་གཏོང་ཆེད་ནུས་པ་གལ་ཆེན་ཐོན་པར་ཚད་མཐོའི་བསྟོད་བསྔགས་བྱེད་ཀྱིན་ཡོད།  ཐ་ཇི་ཁོ་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་མང་མཉམ་ལས་ལ་ཤུགས་བརྒྱབ་སྟེ།  “ངན་ཤུགས་གསུམ”དང་རྒྱལ་ཁོངས་ལས་བརྒལ་བའི་ཉེས་གསོག་ལ་མཉམ་དུ་རྡུང་རྡེག་བཏང་ནས་ས་ཁུལ་གྱི་བརྟན་བརླིང་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བསྟན། 

ཝང་དབྱི་དང་ཝང་ཞའོ་ཧུང་སོགས་གོང་གསལ་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།