
གཡང་བྷ་ཡིས་ཐད་གཏོང་སྒང་ནས་ལུག་ནག་གི་བལ་ལས་བཟོས་པའི་སྔས་རྟེན་ངོ་སྤྲོད་བྱེད་བཞིན་པ།
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ5པའི་ཚེས9ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་ཐར་ཤུལ་ཡུལ་ཚོ་སྟར་ལུང་གྲོང་ཚོའི་ས་ཁྱོན་མུའུ་བཅུ་ཡོད་པའི་བཟོ་ཁང་ཞིག་ཏུ་བསྐྱོད་མ་ཐག་མཁའ་རླུང་ཁྲོད་བལ་དྲི་མ་འཐུལ་ཡོང་། མང་རྫོང་གི་ལུག་བལ་ནག་པོ་ལས་སྣོན་བཟོ་གྲྭའི་འགན་འཁུར་བ་གཡང་བྷས་ལས་བཟོ་པར་བཀོད་འདོམས་བྱེད་བཞིན་ཡོད་པ་དང་། རྩྭ་ཤུན་འབྱར་བའི“ལུག་བལ་རྒྱུ་ཆ”ཁུག་མ་རེ་རེ་གདམ་གསེས་འཁོར་ཁང་དུ་བླུགས་ཡོད། འབྲོག་པའི་ངོས་ནས་བརྗོད་ན། དེ་ནི་ལུག་རྒྱབ་ནས་བྲེག་པའི་བལ་ཡིན་ལ། གཡང་བྷ་ལ་མཚོན་ན། དེ་ནི་དངུལ་སྨར་གྱི་འཁོར་རྒྱུག་ཅིག་རེད།
མང་རྫོང་ནི་མཚོ་སྔོན་གྱི་བོད་རྒྱུད་ལུག་གི་ལྟེ་བའི་གསོ་སྤེལ་ཁུལ་ཡིན་པ་དང་། དེ་ལས་ལུག་ནག་ནི་གནས་དེར་དམིགས་བསལ་དུ་ཡོད་པའི་ཕྱུགས་རིགས་སྤུས་ལེགས་ཤིག་ཡིན་ལ། མཚོ་ལྷོ་ཁུལ་དང་ཐ་ན་ཞིང་ཆེན་ཡོངས་ཀྱིས་མཐོ་སྒང་ཕྱུགས་ལས་སྤུས་རྟགས་གཏོད་པའི་འདེགས་སྐྱོར་གལ་ཆེན་་ཞིག་ཀྱང་ཡིན། དེ་ལས་ཐོན་པའི་བལ་ནི་བོད་རྒྱུད་ཀྱི་བལ་ཁྲོད་ཀྱི་སྤུས་ལེགས་ཤིག་ཡིན་པ་དང་ཚི་སྣ་ཕྲ་ཞིང་རིང་བ་དང་། མཉེན་ཆ་ལྡན་པ། ཁུ་ལུའི་ཚོར་བ་ཕུན་སུམ་ཚོགས་པ། བལ་དཀྱུས་མ་དང་བསྡུར་ན་མང་རྫོང་གི་ལུག་ནག་གི་བལ་ལས་བཟོས་པའི་ཐོན་རྫས་ནི་ལུས་ལ་སྦྱར་ན་འཇམ་པོ་ཡིན་ལ། སྤྱོད་གོ་ཆེན་པོ་ཡོད་པ་རེད།
ཐོན་སྐྱེད་བཟོ་ཁང་དུ་སོང་བ་ན། བལ་ཐག་གཞི་གཅིག་ཅན་གྱི་འཕྲུལ་འཁོར་བཞི་ཡོད་ལ། གལ་ཏེ་འཕྲུལ་འཁོར་འདི་བཞི་པོ་ཚང་མ་འཁོར་སྐྱོད་བྱས་ན། ཉིན་གཅིག་ལ་དྲོ་ཞིང་སོབ་པོའི་བལ་གྱི་ཉལ་ཐུལ་ཁྲི100འགྲུབ་པར་གནད་དོན་མེད། གཡང་བྷས་བལ་ཁག་ཅིག་ལག་ཏུ་བཟུང་ནས་ངོ་སྤྲོད་བྱས་པ་ལྟར་ན། འདི་ན་ཡོད་པའི་བལ་གྱི་ཐོན་རྫས་དག་ནི་དྲོད་སྲུང་ཉལ་ཐུལ་དང་། དར་སྲོལ་ཆེ་བའི་སྐེ་དཀྲིས། ཡང་ན་སྤྱོད་གོ་ཆོད་པའི་ལྷམ་གདན་དང་ས་གདན་ཚང་མ་རང་ས་གནས་ཀྱི་རྩ་ཆེའི་ལུག་ནག་ལས་བྱུང་བ་ཡིན་ཟེར།

ལས་བཟོ་པས་བདམས་ཟིན་པའི་བལ་དེ་བལ་ཐག་གཞི་གཅིག་ཅན་གྱི་འཕྲུལ་ཆས་ནང་དུ་འཇོག་བཞིན་པ།
ལོ་རེ་ཟླ5པ་ནས་བཟུང་། ཁོས་ཁ་ཆད་ལྟར་གོང་བ་གྲོང་ཚོའི་མཉམ་ལས་ཁང་དུ་བལ་བསྡུ་བ་རེད། སྐབས་འགར་ཚོང་ཧ་ཅང་བྲིན་ཆེ་དུས་རྫོང་ཡོངས་སུ་ལུག་ནག་གི་བལ་འཚོལ་དགོས་པ་རེད། “དབྱར་བསྡུ་དགུན་ལས”ཀྱི་བྱེད་སྟངས་དེས་མ་བཅོས་རྒྱུ་ཆ་མཁོ་སྤྲོད་བརྟན་པོའི་འགན་ལེན་ཐུབ་པ་མ་ཟད། བོད་ལུག་གི་བལ་སོབ་སོབ་དང་། དྲོད་སྲུང་། བརླན་འགོག་བཅས་ཀྱི་རང་བྱུང་ལེགས་ཆའང་སོར་འཇོག་ཐུབ་ཡོད།
མང་རྫོང་གི་ཚོང་ཁང་ནང་དུ་བལ་གྱི་ཐོན་རྫས་སྣ་ཚོགས་གྲལ་འགྲིག་པོས་བསྒྲིགས་ཡོད་པས་འགྲོ་འོང་བྱེད་མཁན་གྱི་ཡིད་དབང་བཀུགས། འོན་ཀྱང་གཡང་བྷ་ཡི་ཚོང་ལམ་རྒྱ་ཆེར་བཏང་བ་ནི་དྲ་སྦྲེལ་གྱི་སྟོབས་ཤུགས་ཆེན་པོ་དེ་རེད།
“དེ་སྔ་ང་ཚོའི་ཚོང་ལམ་གཙོ་བོ་རྫོང་དང་། ཁུལ། ཞིང་ཆེན་བཅས་ཀྱི་འོས་སྦྱོར་ཚོགས་འདུར་ཞུགས་པ་དེ་རེད། ཐེངས་རེར་ཚོང་ཟོག་མང་པོ་འཚོང་མི་ཐུབ་མོད། འོན་ཀྱང་ལུག་ནག་གི་སྒོ་བྱང་ལ་བརྟེན་ནས་རྟག་ཏུ་ཚོང་ཅུང་ཙམ་རེ་ཡོད་ཟེར། ད་ཆ་ཐད་གཏོང་སྟེགས་བུའི་སྟོབས་ཤུགས་ལ་བརྟེན་ནས། མཐོ་སྒང་གི་སྤུས་ལེགས་བལ་གྱི་ཐོན་རྫས་ལ་གཤོག་པ་བསྣན་པ་རེད། དྲ་རྒྱའི་ཐོག་ཐད་གཏོང་བྱས་པ་བརྒྱུད་དེ། བལ་གྱི་ཉལ་ཐུལ་དང་བལ་གྱི་སྐེ་དཀྲིས་དག་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ཕྱིར་ཚོང་བྱེད་བཞིན་ཡོད་པ་དང་། ཕྱིར་ཚོང་བྱེད་ཚད་རིམ་བཞིན་ཇེ་མང་དུ་ཕྱིན་པ་ཡོད་ཟེར།
བཟོ་གྲྭའི་ཚོང་ཡར་ངོའི་ཟླ་བཞིན་འཕར་བཞིན་ཡོད་ལ། ཕན་པ་ཐོབ་མཁན་ནི་གཡང་བྷ་ཙམ་མ་ཡིན་པར། སྟར་ལུང་གྲོང་ཚོའི་གྲོང་མིའི་ཡོང་འབབ་ཡང་འཕར་བཞིན་ཡོད། 2022ལོར། ཀུང་སིར་ཁེ་སྤོགས་སྒོར་ཁྲི100ཐོབ་པ་མ་ཟད། གྲོང་ཚོའི་གྲོང་མི20ལྷག་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་བྱས་པས། འབྲོག་པ་ཚོར་ཕ་ཡུལ་ཁ་འབྲལ་མི་དགོས་པར་ཡོང་འབབ་བརྟན་པོ་རག་ཐུབ་པ་བྱུང་ཡོད།
བསོད་ནམས་རྒྱལ་ནི་དེའི་ནང་གི་དཔེ་མཚོན་གྱི་འཐུས་ཚབ་པ་ཞིག་རེད། བཟོ་གྲྭར་མ་སླེབས་གོང་ཁོ་འབྲོག་པ་མང་ཆེ་བ་དང་འདྲ་བར“རྩྭ་ཆུའི་བབ་དང་བསྟུན་ནས”ཕྱུགས་འཚོ་བཞིན་ཡོད། ད་ཆ་ཁོ་ནི་བཟོ་གྲྭའི་ནང་འཕྲུལ་འཁོར་ཆེ་གྲས་བཀོལ་སྤྱོད་བྱེད་པའི་ལག་རྩལ་ཁོང་དུ་ཆུད་པའི“དགེ་རྒན་རྒན་ཞིག”ཡིན་པ་མ་ཟད། ད་དུང་དགེ་ཕྲུག་གསུམ་བསྐྱངས་ཡོད་པ་རེད།
“ད་ཆ་ལོ་ལྟར་ཉུང་མཐར་ཡང་ཟླ་བ་དྲུག་ལ་བཟོ་གྲྭར་ལས་ཀ་བྱེད་ཀྱི་ཡོད་ལ། ཟླ་གཅིག་ལ་སྒོར2500ལྷག་གི་ཡོང་འབབ་རག་གི་ཡོད་པ་མ་ཟད། ལོ་མཇུག་ཏུ་ཁེ་སྤོགས་ཀྱང་རག་གི་ཡོད་པས། ཁྱིམ་ཚང་གི་ས་ཞིང་དང་ལུག་ལ་ལྟ་སྐྱོང་བྱེད་པར་འགོར་འགྱངས་སྤུ་ཙམ་ཡང་བྱེད་ཀྱི་མེད”། གསོད་ནམས་རྒྱལ་གྱིས་འཕྲུལ་འཁོར་སྙོམ་སྒྲིག་ཚོད་ལྟ་བྱེད་བཞིན་དགོད་ཞོར་དུ“ཁེ་བཟང་རག་ཐུབ་པའི་ཚད་ཁྱིམ་ཚང་ལ་ཡང་ལྟ་སྐྱོང་བྱེད་ཐུབ་ཀྱི་ཡོད་པས། འཚོ་བ་འདི་ལྟ་བུ་ལ་ཡིད་མི་ཚིམ་པ་ཅི་ཡོད”ཅེས་བཤད།
མིག་སྔར། རེས་སྐོར་གསར་པའི་བལ་ཉོ་སྒྲུབ་བྱེད་འགོ་བཙུགས་མ་ཐག གཡང་བྷ་དང་ལས་བཟོ་པ་ཚོས་ཛ་དྲག་ཆེ་བའི་ཐོན་སྐྱེད་གྲ་སྒྲིག་ནང་ཞུགས་ནས་མཐོ་སྒང་གི་བལ་ལ་རིན་ཐང་གསར་པ་བསྩལ་བཞིན་ཡོད། སྟར་ལུང་གྲོང་ཚོའི་ངོས་ནས་བརྗོད་ན། བལ་གྱི་སྐུད་པ་ཕྲ་མོ་དེས་འབྲོག་པའི་འབབ་འཕར་ལམ་བུ་འབྲེལ་མཐུད་བྱེད་བཞིན་ཡོད་ལ། མཐོ་སྒང་གི་ལུག་ནག་ཐོན་ལས་ཀྱང་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།