ཟླ5པའི་ཚེས12ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་དང་མཛུབ་སྟོན་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། སློབ་སྦྱོང་སྔོན་ལ་འཇོག་པ་དང་དངོས་སྒྲུབ་གཙོར་འཛིན་པ། དམངས་སེམས་གཞི་རྩར་འཛིན་རྒྱུ་བཅས་རྒྱུན་འཁྱོངས་བྱས་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་མི་སེམས་གཅིག་སྒྲིལ་དང་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཞིབ་ཕྲའི་ལག་ལེན་དུ་འགྱུར་བར་བྱེད་དགོས་ཞེས་ནན་གྱིས་བསྟན།
མགོན་པོ་བཀྲ་ཤིས་སྔ་གཞུག་ཏུ་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བ་དང་འདན་མ་གྲོང་རྡལ་པཱ་དབྱིན་གཞིས་ཀ ཝེ་ཡོན་གྲོང་རྡལ་སྲང་ལམ་བྱང་མའི་སྡེ་ཁུལ་བཅས་སུ་སོང་ནས་དམར་པོའི་སློབ་གསོ་སྤེལ་བའི་གནས་ཚུལ་དང་ཁྱད་ལྡན་ཐོན་ལས་གསོ་སྐྱོང་། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སོགས་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་། གཞི་རིམ་ལས་བྱེད་མང་ཚོགས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་པར་མ་ཟད། ཁོ་ཚོའི་བསམ་འཆར་དང་གྲོས་གཞི་ལ་ཉན། ཁོས་ལོ་མང་པོའི་རིང་ལ། ཧུའུ་ཀྲུའུ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཅངས་ཏེ་ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཞང་། སྡེ་བ་བཅས་རིམ་པ་ལྔའི་ཐུན་མོང་འབད་བརྩོན་འོག བྱ་བ་སྣ་ཚོགས་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་དང་གནས་བབ་ལེགས་པོ་མངོན་ཡོད། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་ཞིང་། ཧུའུ་ཀྲུའུ་རྫོང་གིས་གཞུང་དོན་དུ་ཏང་འཛུགས་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ། དམ་འཛིན་དངོས་སྒྲུབ་བཅས་ཀྱི་སྤྱིའི་བླང་བྱར་དམིགས་ནས་སློབ་སྦྱོང་དང་ཞིབ་བཤེར། ལེགས་བཅོས་བཅས་ལ་གཅིག་གྱུར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དངོས་གཉེར་གོ་ཆོད་ཀྱི་གསར་གཏོད་བྱེད་ཐབས་སྐོར་ཞིག་འཚོལ་ཞིབ་བྱས་ཡོད་པ་དང་། ཁྱད་ཆོས་མངོན་པར་གསལ་བའི་བྱ་བ་གཙོ་བོ་སྐོར་ཞིག་བཏོད་ཡོད་པར་མ་ཟད། སློབ་སྦྱོང་སློབ་གསོ་ཏན་ཏིག་ནུས་ཡོད་སྒོས་སྤེལ་ཡོད་ཅེས་བསྟན།
ཧུའུ་ཀྲུའུ་རྫོང་གི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཐད་ཀྱི་སྙན་ཞུར་ཉན་ཞིང་། རྫོང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ་དང་འབྲེལ་ཡོད་ཁེ་ལས་ཀྱི་འགན་ཁུར་བ་དང་བཞུགས་མོལ་བརྗེ་རེས་བྱས་རྗེས། མགོན་པོ་བཀྲ་ཤིས་ཀྱིས་མིག་སྔར་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་གནད་འགག་གི་དུས་རིམ་དུ་སླེབས་ཡོད་པས། གནད་དོན་བཤེར་འདོན་ལ་ཤུགས་སྣོན་པ་དང་གཅིག་བསྡུས་སྒོས་དག་ཐེར་ལེགས་བཅོས་བྱེད་རྒྱུ་དམ་འཛིན་ནན་མོ་བྱེད་པ། ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་གྲུབ་འབྲས་བཟང་བོ་ལེན་པར་འགན་སྲུང་བྱེད་དགོས། འགན་སྒྲུབ་ཀྱི་ཚད་མཐའ་གསལ་བོ་བྱེད་པ་དང་བྱ་སྤྱོད་ཀྱི་དམར་མཚམས་བརྟན་སྲུང་བྱེད་པ། འགན་དབང་གི་རྩིས་ཁྲ་གསལ་བོ་བྱེད་པ། འགན་སྒྲུབ་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། གནད་ཆེ་དམ་འཛིན་དང་གནད་མིན་ཟུར་འཇོག་རྒྱུན་འཁྱོངས་བཅས་བྱས་ནས་སྲིད་འབྲས་ལྟ་བ་ཡང་དག་དེ་རང་འགན་གཙང་སྒྲུབ་ཀྱི་གོ་རིམ་ཧྲིལ་བོའི་ཁྲོད་བརྒྱུས་པར་སྐུལ་འདེད་གཏོང་དགོས། དངོས་སྒྲུབ་གཙོར་འཛིན་པ་དང་དངོས་འབྲས་བརྩོན་ལེན་བྱེད་པའི་ཁྲིད་ཕྱོགས་གསལ་བོ་འཛུགས་དགོས་པ་དང་། འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་པ་དང་དམངས་འཚོའི་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བར་དམིགས་ནས་དངོས་གཉེར་གྱི་བྱེད་ཐབས་སྤྱོད་པ་དང་དོན་འཁྱོལ་ཐབས་ལམ་ཇེ་ཞིབ་ཏུ་གཏོང་དགོས་ལ། སྟོབས་ཤུགས་གཅིག་བསྡུས་སྒོས་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་གནད་དོན་གཙོ་བོ་ཐག་གཅོད་དགོས་པར་མ་ཟད། བརྩེ་སེམས་ལྡན་ཞིང་ནུས་ཡོད་སྒོས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་བཅད་དེ་རིགས་སོ་སོའི་མང་ཚོགས་རྣམས་ལ་སློབ་སྦྱོང་སློབ་གསོས་བསྩལ་བའི་འགྱུར་ལྡོག་གསར་པ་དང་སྣང་ཚུལ་གསར་པ་ཚོར་དུ་འཇུག་དགོས། རང་སྟེང་གི་ཐོན་ཁུངས་དགེ་མཚན་དང་ཡུལ་བབ་དགེ་མཚན་ལ་རྐང་བཙུགས་ནས་མཐོ་སྒང་གི་ཁམས་གསོ་དང་ལྗང་མདོག་ཞིང་ལས། གྲོང་གསེབ་ཡུལ་སྐོར་སོགས་ཁྱད་ལྡན་དགེ་མཚན་ཐོན་ལས་འཕེལ་རྒྱས་གཏོང་དགོས་པ་དང་། རྒྱུན་མཐུད་ངང་ཕྲེང་སྲིང་ཕྲེང་གསབ་ལ་ཤུགས་བསྣན་ནས་རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་འདེགས་ནུས་སྤེལ་དང་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་ཤུགས་སྣོན་རྒྱུར་སྐུལ་འདེད་བཏང་སྟེ་དངོས་སྒྲུབ་དངོས་འབྲས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཉམས་ཞིབ་བྱེད་དགོས་ཞེས་ནན་གྱིས་བསྟན།