ཟླ5པའི་ཚེས12ཉིན། རྒྱལ་ཡོངས་ཀྱི་གནོད་འགོག་གནོད་སེལ་ཉིན་མོ་ཐེངས18པ་ཡིན། ཉིན་དེར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི2026ལོའི་རྒྱལ་ཡོངས་ཀྱི་གནོད་འགོག་གནོད་སེལ་ཉིན་མོ་དང་། “འཕྲལ་བསྟུན་ཞབས་ཞུའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི”བརྗེ་རེས་བྱེད་སྒོ་ཆུ་དམར་ལེབ་རྫོང་དུ་སྤེལ་ཞིང་། འགྲིམ་འགྲུལ་རོགས་སྐྱོབ་དང་འབྲུབ་འགོག་འཕྲལ་བསྟུན་ཕྱོགས་བསྡུས་སྦྱོང་བརྡར་ཡང་དུས་མཉམ་གཅིག་ཏུ་སྤེལ། ཡུས་ཧྲུའུ་ཁུལ་གྱི་ས་གནས་སོ་སོས་ཚན་རིག་ཁྱབ་གདལ་སྒྲོག་འགྲེལ་དང་འཕྲལ་བསྟུན་སྦྱོང་བརྡར། འགལ་རྐྱེན་ངན་པར་གྲལ་བཤེར་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་དུས་གཅིག་ཏུ་སྤེལ་བར་བརྟེན་ནས། དམངས་ཡོངས་ཀྱི་གནོད་འགོག་གནོད་སེལ་གྱི་དྲིལ་སྒྲོག་ཚ་རླབས་འཕྱུར་བར་བྱས།
ད་ཐེངས་ཀྱི་འཕྲལ་བསྟུན་སྦྱོང་བརྡར་གྱིས་ཆུ་དམར་ལེབ་རྫོང་གི་ས་བབ་མཐོ་ཞིང་གྲང་ངར་ཆེ་ལ་དབྱང་དབུགས་དཀོན་པ། འབྲོག་ཁུལ་གྱི་སྡོད་གནས་ཁ་ཐོར་ཡིན་པ་བཅས་ཀྱི་དོན་དངོས་ལ་རྐང་ཚུགས་པར་བྱས་ཏེ། ཆུ་ལོག་དང་ཆུས་གནོད་སྐྱོན་བཏང་ཡོད་པའི་གཞུང་ལམ། རི་ཉིལ་བ་སོགས་ཀྱི་བྱུང་ཐེངས་མང་བའི་གནོད་འཚེའི་ཉེན་ཁ་དམིགས་སུ་བཟུང་ཡོད། ཡུལ་དངོས་སུ་དྲག་ཆར་བབས་ནས་ཆུ་ལམ་ནང་གི་ཆུ་ཆེར་རྒྱས་པ་དང་ཟམ་པ་དང་ཆུ་གསོག་སྒྲིག་ཆས་ལ་གནོད་སྐྱོན་ཕོག་པ། རླངས་འཁོར་དཀའ་ཁག་ལ་འཕྲད་པ་སོགས་ཀྱི་ཉེན་ཁའི་གནས་ཚུལ་ཐོན་པར་ས་གནས་དེ་གའི་འབྲུབ་འགོག་སྡེ་ཁག་གིས་གཏན་འབེབས་ལྟར། འབྲུབ་འགོག་དང་ཆུ་ལོག་འགོག་པའི་རིམ་པ་གསུམ་གྱི་འཕྲལ་བསྟུན་ཚོད་ལྟ་དང་ལེན་བྱས་ཏེ། འབྲེལ་ཡོད་སྡེ་ཁག་སོ་སོས་མགྱོགས་མྱུར་ངང་མཉམ་འགུལ་དང་ལས་བགོས་མཉམ་ལས་བྱས་ནས། དཔུང་སྡེ་བསྡུ་རུབ་དང་དངོས་ཟོག་སྐྱེལ་འདྲེན། མི་སྣ་སྤོ་སྒྱུར། རྨས་མ་སྐྱོབ་བཅོས། བགྲོད་ལམ་གྱི་བཀག་རྒྱ་གཙང་སེལ། བཀོད་སྒྲིག་བྱ་ཡུལ་བསྐྲུན་པ། ཁྱོན་ཡོངས་ནས་གེགས་མེད་བཟོ་བ་སོགས་ཀྱི་སྦྱོང་བརྡར་རིམ་བཞིན་ཡོངས་འགྲུབ་བྱས་ནས། བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་དང་འབྲེལ་མཐུད་གོ་རིམ་ལྡན་པར་བརྟེན། འཕྲལ་བསྟུན་དཔུང་སྡེ་ཡི་དངོས་འཐབ་ཐག་གཅོད་ནུས་པ་དང་མཐུན་སྦྱོར་དངོས་འཐབ་ནུས་པར་ཕན་འབྲས་ལྡན་པའི་ངང་ནས་ཞིབ་བཤེར་བྱས།
ད་ཐེངས་ཀྱི་བྱེད་སྒོས་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་དང་འགལ་རྐྱེན་ངན་པར་གྲལ་བཤེར། དངོས་འཐབ་སྦྱོང་བརྡར་བཅས་ཟུང་འབྲེལ་དམ་ཟབ་བྱས་ནས། གནོད་འགོག་གནོད་སེལ་བྱ་བ་དེ་གཞན་དབང་གིས་ཁ་གཏད་འཇལ་བ་ནས་རང་འགུལ་གྱིས་དོགས་ཟོན་བྱེད་པར་བསྒྱུར། རོགས་སྐྱོབ་སྟོབས་ཤུགས་བསྡུ་སྒྲིལ་དང་ཆ་འཕྲིན་ཐབས་ལམ་ཤར་གཏོང་། གནོད་འཚེའི་གནས་ཚུལ་མགྱོགས་མྱུར་དང་ལེན་དང་ཐག་གཅོད་ཕན་འབྲས་མངོན་སུམ་ཇེ་ཆེར་ཕྱིན་པ་བཅས་མངོན་འགྱུར་བྱུང་བ་ལས་གཞན། གནོད་འགོག་གནོད་སེལ་རྒུད་སྐྱོབ་ཀྱི་མི་དམངས་འགོག་སྲུང་འཛིང་རགས་སྔར་ལས་ཇེ་བརྟན་དུ་གཏོང་བ་བཅས་ཀྱི་ཐད་ནས་བཤད་ན་དོན་སྙིང་ཆེན་པོ་ལྡན།