ཟླ5པའི་ཚེས12ཉིན་ནི་རྒྱལ་ཡོངས་ཀྱི་གནོད་འགོག་གནོད་སེལ་ཉིན་མོ་ཐེངས18པ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་གནོད་འགོག་གནོད་སེལ་རྒུད་སྐྱོབ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་གིས་ཞིང་ཆེན་རང་བྱུང་ཐོན་ཁུངས་དང་། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན། འགྲིམ་འགྲུལ། ཆུ་བེད། གནམ་གཤིས། ས་ཡོམ། མེ་ཟོན་རོགས་སྐྱོབ་སོགས་སྡེ་ཁག་དང་མཉམ་འབྲེལ་སྒོས་ཟི་ལིང་གྲོང་ཁྱེར་དུ། 2026ལོའི་གནོད་འགོག་གནོད་སེལ་གྱི་དྲིལ་སྒྲོག་གཟའ་འཁོར་བྱེད་སྒོ་དངོས་སུ་སྤེལ་འགོ་བརྩམས།
ད་ལོའི་རྒྱལ་ཡོངས་ཀྱི་གནོད་འགོག་གནོད་སེལ་ཉིན་མོའི་བརྗོད་དོན་ནི“མི་ཚང་མས་བདེ་འཇགས་ལ་དོ་སྣང་བྱེད་པ་དང་མི་ཚང་མས་འཕྲལ་བསྟུན་བྱེད་མཁས་བྱས་ཏེ། གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་ནུས་པ་ཆེ་རུ་གཏོང་དགོས”ཞེས་པ་དེ་ཡིན། བྱེད་སྒོ་སྤེལ་ཡུལ་དུ་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་དང་སྒྲིག་ཆས་འགྲེམས་སྟོན། མཉམ་འགུལ་ཉམས་ལེན་སོགས་ཀྱི་རྣམ་པའི་ལམ་ནས་མང་ཚོགས་ལ་གནམ་གཤིས་དང་ས་ཡོམ། ཆུ་ལོག མེ་སྐྱོན། ས་གཤིས་གནོད་འཚེ་སོགས་ཉེན་གཡོལ་རང་སྐྱོབ་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་། གནོད་འཚེ་དང་འབྲེལ་བའི་འགལ་རྐྱེན་ངན་པར་གྲལ་བཤེར་བྱས་པ་དང་འཕྲལ་བསྟུན་ཐག་གཅོད་ཀྱི་གཙོ་གནད་ལ་འགྲེལ་བཤད་བརྒྱབ་སྟེ། གྲོང་མིའི་གནོད་འགོག་ཉེན་གཡོལ་དང་རང་སྐྱོབ་རོགས་སྐྱོབ་ནུས་པ་མཐོར་འདེགས་བཏང་། ད་ཐེངས་ཀྱི་དྲིལ་སྒྲོག་བྱེད་སྒོར་ཁྱོན་འགྲེམས་གནས80ལྷག་བཀོད་སྒྲིག་བྱས་ཡོད་ཅིང་། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་བརྗོད་དོན་གཙོ་བོའི་འགྲེམས་པང400ལྷག་བཀོད་སྒྲིག་བྱས་ཡོད་པ་ལས་གཞན། རོགས་སྐྱོབ་སྒྲིག་ཆས་ཆ་ཚང700ལྷག་བཀོད་སྒྲིག་བྱས་ཡོད། མི་འབུམ་གཉིས་ལྷག་གིས་དྲ་ཐོག་ནས་ལྟ་སྦྱོང་དང་ཐད་གཏོང་བྱེད་སྒོ་སྤེལ་བར་བརྟེན། “མི་ཚང་མས་བདེ་འཇགས་ལ་དང་དོད་བྱེད་པ་དང་མི་ཚང་མས་འཕྲལ་བསྟུན་བྱེད་མཁས”ཀྱི་རྣམ་པ་བཟང་བོ་བསྐྲུན།
ད་ཐེངས་ཀྱི་དྲིལ་སྒྲོག་གཟའ་འཁོར་སྤེལ་བའི་རིང་ལ། རང་རེའི་ཞིང་ཆེན་གྱི་ས་གནས་སོ་སོས་གནོད་འགོག་གནོད་སེལ་གྱི་ཚན་རིག་ཁྱབ་གདལ་བྱེད་སྒོ་ཁེ་ལས་དང་གྲོང་གསེབ། སྡེ་ཁུལ། སློབ་གྲྭ ཁྱིམ་ཚང་སོགས་སུ་སྤེལ་ཏེ། གནོད་འགོག་གནོད་སེལ་ཤེས་བྱའི་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་ལ་མུ་མཐུད་སྐུལ་འདེད་བཏང་ནས། སྤྱི་ཚོགས་ཡོངས་ཀྱི་བྱ་བའི་མཉམ་ཤུགས་གཅིག་སྒྲིལ་བྱས་ཏེ། གནོད་འགོག་གནོད་སེལ་གྱི་མི་དམངས་ཀྱི་འཛིང་རགས་བརྟན་པོ་བསྐྲུན།