གནས་བབ་གསར་པའི་འོག ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་གཞུང་ལུགས་རྒྱུན་སྐྱོང་དར་སྤེལ་བྱས་ཏེ། ཏང་གི་ཆོས་ལུགས་ལས་དོན་གྱི་རྩ་བའི་ལམ་ཕྱོགས་ལག་ལེན་མཐའ་འཁྱོལ་དང་། རང་རྒྱལ་གྱི་ཆོས་ལུགས་ལས་དོན་གྱི་གནས་བབ་ལ་དབྱེ་ཞིབ། རང་རྒྱལ་གྱི་ཆོས་ལུགས་ལས་དོན་ལ་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཞིབ་འཇུག་བཅས་བྱས་ནས་ཆོས་ལུགས་ལས་དོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏང་དགོས་པ་དང་། རྒྱ་ཆེའི་དད་ལྡན་མང་ཚོགས་དང་རྒྱལ་ཡོངས་མི་དམངས་ཕྱོགས་གཅིག་ཏུ་བསྡུས་ཏེ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ལ་འབད་འབུངས་བྱེད་དགོས།
གཅིག ཆོས་ལུགས་ནི་ཅི་ཞིག་ཡིན།
ཆོས་ལུགས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་བྱུང་ནས་དུས་རིམ་ངེས་ཅན་ཞིག་གི་སྤྱི་ཚོགས་ལོ་རྒྱུས་ཀྱི་གཟུགས་བརྙན་ཞིག་དང་། མི་རྣམས་ཀྱི་དད་མོས་ཤིག་དང་འཇིག་རྟེན་ལྟ་བ་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་དངོས་གཟུགས་ཤིག་དང་། སྟོབས་ཤུགས་ཤིག་ཡིན། དེར་ཆོས་ལུགས་ཀྱི་བྱ་སྤྱོད་དང་། ཆོས་ལུགས་ཀྱི་བྱེད་སྒོ། ཆོས་ལུགས་སྤེལ་ཡུལ། ཆོས་ལུགས་རྩ་འཛུགས་སོགས་འདུ་བ་དང་། བྱུང་འཕེལ་ནས་དར་རྒུད་ཀྱི་གོ་རིམ་ལྡན་ལ། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཁྲོད་ཡུན་རིང་དུ་གནས་ཤིང་འབྱུང་འགྱུར་ཡང་གནས་སྲིད་པ་ཞིག་ཡིན།
གཉིས། གང་དག་ནི་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་ཡིན།
ཆོས་ལུགས་མི་སྣ་དང་དད་མོས་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། བཅའ་ཁྲིམས། སྲིད་ཇུས། རང་སྐྱོང་ས་ཁུལ་གྱི་ཆོས་ལུགས་ལས་དོན་དོ་དམ་སྲོལ་ཡིག སྒྲིག་ཡིག་བཅས་དང་མཐུན་པའི་ཆོས་ལུགས་བྱེད་སྒོ་ཡིན། དཔེར་ན་ཆོས་འདོན་པ་དང་། ཕྱག་བྱ་བ། གསོལ་བ་འདེབས་པ། ཆོས་གསུང་བ། སྙུང་གནས་ལ་སོགས་ལྟ་བུ་ཡིན། བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་ཀྱིས་ཁས་ལེན་པའི་ཆོས་ལུགས་ཀྱི་བྱེད་དེ་དག་དང་འགལ་ན་ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོར་གཏོགས།
གསུམ། ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལ་ཅི་ལྟ་གོ་བ་ལེན་དགོས།
ཆོས་ལུགས་དད་མོས་རང་དབང་ནི་སྤྱི་དམངས་སོ་སོ་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད་པ་མ་ཟད། ཆོས་ལུགས་དད་མོས་མི་བྱེད་པའི་རང་དབང་ཡང་ཡོད། ཆོས་འདི་ལ་དད་མོས་བྱེད་པའི་རང་དབང་དང་། ཆོས་ལུགས་གཞན་ལ་དད་མོས་བྱེད་པའི་རང་དབང་ཡོད། ཆོས་ལུགས་གཅིག་ལས་གྲུབ་མཐའ་འདི་ལ་དད་མོས་བྱེད་པའི་རང་དབང་དང་། གྲུབ་མཐའ་གཞན་ལ་དད་མོས་ཀྱི་རང་དབང་ཡོད། སྔོན་ཆད་ཆོས་ལུགས་ལ་དད་མོས་བྱེད་ཅིང་ད་ལྟ་དད་མོས་མི་བྱེད་པའི་རང་དབང་། སྔོན་ཆད་ཆོས་ལུགས་ལ་དད་མོས་མི་བྱེད་ཅིང་ད་ལྟ་དད་མོས་བྱེད་པའི་རང་དབང་ཡོད་པས། དད་མོས་ཡོད་མེད་ཀྱི་སྤྱི་དམངས་ཆབ་སྲིད་ཀྱི་སྟེང་ནས་འདྲ་མཉམ་ཡིན་ཞིང་། ཚང་མ་ལ་འདྲ་མཉམ་གྱི་དབང་ཆ་དང་འོས་འགན་ཡོད།
བཞི། ཆོས་ལུགས་ལས་དོན་ཁྲིམས་བཞིན་དོ་དམ་བྱེད་པའི་གཞི་རྩའི་རྩ་དོན།
ཁྲིམས་མཐུན་ལ་སྲུང་སྐྱོང་དང་། ཁྲིམས་འགལ་ལ་བཀག་འགོག བྱ་སྤྱོད་ཐད་དྲགས་པ་བཀག་འགོག ཕྱི་རོལ་གྱི་རྒོལ་བ་བཀག་འགོག ཉེས་ཅན་ལ་རྡུང་རྡེག་བཅས་ནི་ཆོས་ལུགས་ལས་དོན་དོ་དམ་གྱི་གཞི་རྩའི་རྩ་དོན་ཡིན།
ལྔ། ཆོས་ལུགས་བྱེད་སྒོ་ཡིས་ངེས་པར་དུ་རྩ་དོན་ལ་བརྩི་སྲུང་བྱེད་དགོས།
(1)རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་དགོས།
(2)རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་དགོས།
(3)དབང་ཆ་དང་འོས་འགན་གཅིག་མཚུངས་ཡིན་པའི་རྩ་དོན་ལ་བརྩི་སྲུང་།
(4)རྒྱུན་ལྡན་གྱི་ལས་ཀ་དང་ཐོན་སྐྱེད། འཚོ་བའི་སྒྲིག་ལམ་ལ་བར་ཆད་བཟོ་མི་ཆོག་པ་དང་། སྤྱི་དམངས་ཀྱི་ལུས་སེམས་བདེ་ཐང་ལ་གནོད་འཚེ་དང་སྤྱི་ཚོགས་སྤྱི་གཞུང་གི་ཁེ་ཕན་དང་གཞན་གྱི་དབང་ཆ་ལ་གནོད་འཚེ་གཏོང་མི་རུང་།
(5)རང་འཚམ་གྱིས་ས་ཁོངས་ཕྱི་ནས་ཆོས་ལུགས་བྱེད་སྒོ་སྒྲིག་འཛུགས་བྱེད་མི་རུང་།
(6)ངེས་པར་དུ་ལོ་རྒྱུས་སྲོལ་རྒྱུན་ལྟར་དུ་གུས་ལུགས་དང་གོམས་སྲོལ་རྒྱུན་འཛིན་བྱེད་དགོས།
(7)ཆོས་ལུགས་བྱེད་སྒོའི་ཁྲོད་དུ་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་བྱེད་པ་དང་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ལ་གནོད་པ། རྒྱུ་ནོར་ལ་ཁ་བསླུས་ཐེབས་པ་སོགས་ཀྱི་བྱ་སྤྱོད་སྤེལ་མི་རུང་།
ཆོས་ལུགས་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་སྒྲོག
ཏང་གི་ཆོས་ལུགས་ལས་དོན་གྱི་སྐོར།
གཞི་རྩའི་བྱེད་ཕྱོགས།
ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཆ་ཚང་ཞིང་། གནད་ལ་འཁེལ་བ། ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་དགོས་པ་དང་། མང་ཚོགས་ཀྱི་ཆོས་ལུགས་དད་མོས་ལ་བརྩི་འཇོག་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ། རང་བཙན་རང་བདག་རང་གཉེར་མཐའ་འཁྱོངས་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པོ་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཏང་གི་ཆོས་ལུགས་ལས་ཀའི་གཞི་རྩའི་བྱེད་ཕྱོགས་ནི་རྟེན་ཞིང་འབྲེལ་བའི་གོང་བུ་ཞིག་ཡིན་པས་ངེས་པར་དུ་འཐུས་ཚང་ཞིང་། ཡང་དག་པ། ཕྱོགས་ཡོངས་ནས་གོ་བ་བླངས་ཏེ་ལག་ལེན་མཐར་ཕྱིན་བྱེད་དགོས་པ་ཞིག་ཡིན།
ཏང་གི་ཆོས་ལུགས་ལས་ཀའི་གཞི་རྩའི་བྱེད་ཕྱོགས་ཀྱི“ཚིག་ལྔ”ལས་ཚིག་རེ་རེར་བལྟོས་བཅས་ཀྱིས་རང་ཚུགས་ཅན་གྱི་ནང་དོན་དང་བླང་བྱ་རེ་བ་ཡོད་ལ། ཕན་ཚུན་བར་རྟེན་ཅིང་འབྲེལ་ལ་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་དམ་པོ་ཡོད་པ་མ་ཟད། རིག་པའི་གཏན་ཚིགས་ཚགས་དམ་ཞིང་ནང་གནས་གཅིག་གྱུར་གྱི་གོང་བུ་ཞིག་ཡིན་པས། དེས་རང་རེའི་ཏང་གིས་ཆོས་ལུགས་ཀྱི་གཞི་རྩའི་སྲིད་ཇུས་དང་བཟུང་བའི་རྣམ་འགྱུར་བསྟན་པ་དང་ཆབས་ཅིག ཆོས་ལུགས་དོ་དམ་གྱི་ཁ་ཕྱོགས་དང་དམིགས་ཡུལ་གསལ་བོར་བསྟན་ཡོད།
གཅིག ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཀྱི་ནང་དོན་ནི་ཅི་ཞིག་ཡིན།
(1)སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་དང་མི་དད་པའི་རང་དབང་ལ་བརྩི་འཇོག་བྱས་ནས་དབང་ཆ་དང་འོས་འགན་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ།
(2)ཆོས་ལུགས་ཀྱི་ཆོ་ག་སྤེལ་ན་ངེས་པར་དུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས། སྲིད་ཇུས་ཀྱི་ཁྱབ་ཁོངས་ནས་སྤེལ་དགོས།
(3)ཆོས་ལུགས་སོ་སོ་འདྲ་མཉམ་ཡིན།
(4)ཆོས་སྲིད་གཉིས་ཐ་དད་དུ་སྐྱོང་བའི་རྩ་དོན་ལག་བསྟར་བྱེད་དགོས།
(5)རྒྱལ་ཁབ་ཀྱིས་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་ཡོད་ཚད་ལ་སྲུང་སྐྱོབ་བྱེད།
(6)ཀྲུང་གོའི་ཆོས་ལུགས་སྣ་ཚོགས་ལ་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱིས་ཁ་ལོ་བསྒྱུར་མི་རུང་། རང་བདག་རང་སྐྱོང་དང་ཆོས་ལུགས་རང་གཉེར། རང་སྐྱོང་རང་གསོ་རང་རྒྱུད་ཀྱི་རྩ་དོན་ལག་བསྟར་བྱེད་དགོས།ལྷ་མེད་སྨྲ་བ་དང་ལྷ་ཡོད་སྨྲ་བས་ཕན་ཚུན་ལ་བརྩི་འཇོག་བྱེད་དགོས།
གཉིས། གུང་ཁྲན་ཏང་ཡོན་དང་གུང་གཞོན་ཚོགས་མིས་ཆོས་ལུགས་ལ་དད་མོས་བྱེད་མི་རུང་།
《གནས་བབ་གསར་པའི་ཏང་ནང་གི་ཆབ་སྲིད་འཚོ་བའི་སྐོར་གྱི་རྩ་དོན་འགའ》ཞེས་པའི་ནང་དུ། ཏང་ཡོན་གྱིས་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་སྤེལ་མི་ཆོག་པ་དང་། ཆོས་ལུགས་ལ་དད་མོས་བྱེད་མི་རུང་བ། ཆོས་ལོག་ལ་ཞུགས་མི་ཆོག་པ། ཆོས་ལུགས་ཀྱི་ཐལ་དྲགས་པའི་སྟོབས་ཤུགས་དང་། མི་རིགས་ཁ་བྲལ་གྱི་སྟོབས་ཤུགས། དྲག་སྤྱོད་འཇིགས་སྐུལ་གྱི་སྟོབས་ཤུགས་དང་དེའི་བྱེད་སྒོ་སོགས་ལ་རྒྱབ་སྐྱོར་བྱས་ནས་རྒྱ་ཡན་གཏང་མི་རུང་བ་གཏན་འབེབས་གསལ་བོ་བྱས་ཡོད།
《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་དོན་ཚན་དྲུག་ཅུ་རེ་བརྒྱད་པའི་ནང་དུ། ཆོས་ལུགས་བྱེད་སྒོ་སྒྲིག་འཛུགས་དང་བེད་སྤྱོད་བཏང་སྟེ་ཏང་གི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་དང་ཇུས་ཆོད་ལ་ངོ་རྒོལ་བྱེད་མི་རུང་། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་གཏོང་བའི་ཇུས་འདོན་མཁན་དང་། རྩ་འཛུགས་མཁན། རྐང་འཛིན་མི་སྣ་བཅས་ལ་ཏང་ཁོངས་ནས་དབྱུང་བའི་ཆད་པ་གཅད་རྒྱུ་དང་། དེར་ཞུགས་པའི་མི་སྣ་གཞན་དག་ལ་ཏང་ནང་ཁུལ་གྱི་ལས་འགན་ཕྱིར་འཐེན་ནམ་གནས་སྐབས་ལྟ་ཞིབ་ཀྱི་ཆད་པ་གཅད་རྒྱུ། གནས་ཚུལ་ཚབས་ཆེན་ཡིན་ན་ཏང་ཁོངས་ནས་དབྱུང་རྒྱུ། དོན་དངོས་གསལ་བོ་མི་ཤེས་པར་བཙན་ཤེད་ཀྱི་འོག་ནས་ཞུགས་པ་ལ་ཡོ་བསྲང་བསླབ་བྱ་བཏང་རྗེས་སྔ་འགྱོད་ཕྱི་འདོམས་ཀྱི་རྣམ་འགྱུར་ཡོད་རིགས། ཉེས་ཆད་རྩ་ཆག་གཏོང་བའམ་ཡང་ན་ཉེས་ཆད་མེད་པར་བཟོས་ཆོག གཞན་ཏང་དང་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་ལ་རྒྱབ་འགལ་བྱས་པའི་བྱ་སྤྱོད་རིགས་ཏེ་མཇུག་འབྲས་ཅུང་ཡང་ན་ཐ་ཚིག་བསྒྲགས་པའམ་ཡང་ན་ཐ་ཚིག་ནན་མོ་བསྒྲགས་པའི་ཉེས་ཆད་པ་གཅད་རྒྱུ་དང་། མཇུག་འབྲས་ཅུང་ཙམ་ཚབས་ཆེ་ན། ཏང་ནང་གི་ལས་འགན་ལེན་པའམ་ཡང་ན་ཏང་ནང་ལྟ་ཞིབ་བྱེད་པའི་ཉེས་ཆད་གཅད་རྒྱུ། མཇུག་འབྲས་ཚབས་ཆེ་བ་ལ་ཏང་ཁོངས་ནས་དབྱུང་བའི་ཉེས་ཆད་གཅད་རྒྱུ་ཞེས་གཏན་འབེབས་བྱས།
《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་དོན་ཚན་རེ་དགུ་པའི་གཏན་འབེབས་ལྟར་ན།"ཆོས་ལུགས་ལ་དད་པ་བྱེད་པའི་ཏང་ཡོན་ལ་བསམ་བློའི་སློབ་གསོ་མང་དུ་གཏོང་དགོས་པ་དང་། དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བླང་བྱ་འདོན་དགོས། ཏང་གི་རྩ་འཛུགས་ཀྱི་རོགས་རམ་དང་སློབ་གསོ་བརྒྱུད་སྔར་བཞིན་འགྱུར་ལྡོག་མ་བྱུང་ན། ཏང་ནང་ལས་ཕྱིར་འཐེན་བྱེད་དགོས་པའི་སྐུལ་མ་གཏོང་དགོས་པ་དང་། སྐུལ་མ་བཏང་ཡང་ཕྱིར་འཐེན་མ་བྱས་ན། མིང་ཐོ་ནས་འབུད་དགོས། ཆོས་ལུགས་བེད་སྤྱད་ནས་ནང་དཀྲུག་ལ་སྐུལ་བའི་བྱེད་སྒོར་ཞུགས་མཁན་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་དགོས།"
《ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པའི་སྒྲིག་ཡིག》ནང་གཏན་འབེབས་བྱས་དོན། ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པས་ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛིན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས།"མཚོན་བྱེད་གསུམ"གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་འཛིན་དགོས།
ཀྲུང་གོ་གུང་ཁྲན་ཏང་གིས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་བསྟར་བྱས་ཏེ། ཆོས་ལུགས་དད་མོས་རང་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་པ་དང་། ཆོས་ལུགས་དད་མོས་བྱེད་མཁན་བར་ལ་མཐུན་སྒྲིལ་མཉམ་ལས་དང་ཕན་ཚུན་བརྩི་འཇོག་བྱེད་པ་ཡིན། ཡིན་ན་ཡང་དེ་ནི་གུང་ཁྲན་ཏང་ཡོན་གྱིས་ཆོས་ལུགས་ལ་དད་མོས་བྱེད་ཆོག་པའི་དོན་མིན། ང་ཚོ་ཏང་གིས་ཏང་ཡོན་གྱིས་ཆོས་ལུགས་ལ་དད་མོས་བྱེད་མི་ཆོག་པའི་རྩ་དོན་གྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གཅིག་མཐུན་ཡིན་ལ་གཡོ་འགུལ་སྤུ་ཙམ་ཡང་བྱུང་མ་མྱོང་། ཏང་གི་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་ཡོངས་ཀྱིས་ངོས་འཛིན་གསལ་པོ་བྱེད་དགོས་པ་དང་། གནས་ཚུལ་གང་རུང་གི་འོག་ཏུ་རྩ་དོན་འདི་གཡོ་འགུལ་སྤུ་ཙམ་ཡང་མེད་པར་མཐའ་འཁྱོངས་བྱེད་དགོས། དད་ལྡན་མང་ཚོགས་ཀྱི་གྲངས་མང་ཙམ་ཟིན་པའི་གྲངས་ཉུང་མི་རིགས་འགའ་ཤོས་ཀྱི་ཁྲོད་དུ། ཏང་ཡོན་ལས་བྱེད་པས་རྩ་དོན་གྱི་ལངས་ཕྱོགས་དང་མི་འགལ་བའི་ཆ་རྐྱེན་འོག ཆོས་ལུགས་ཀྱི་ཁྱད་ཆོས་དང་ཆོས་ལུགས་ཀྱི་སྲོལ་རྒྱུན་ལྡན་ཡང་་གོམས་སྲོལ་དུ་གྱུར་པའི་བྱེད་སྒོ་ཁ་ཤས་ལ་བརྩི་འཇོག་དང་བསྟུན་ཐབས་བྱེད་ཆོག་པ་དང་། ཏང་ཡོན་གྱིས་ཆོས་ལུགས་ལ་དད་མོས་བྱེད་པ་དང་དབྱེ་བ་འབྱེད་དགོས།
གསུམ། ཁྲིམས་མཐུན་གྱི་ཆོས་ལུགས་དང་ཁྲིམས་མཐུན་མིན་པའི་ཆོས་ལུགས་ཀྱི་དབྱེ་བ་ཇི་ལྟར་འབྱེད་དགོས་སམ།
ཁྲིམས་མཐུན་གྱི་ཆོས་ལུགས་བྱེད་སྒོ་ནི་ཁྲིམས་ལྟར་ཐོ་འགོད་བྱས་པའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལམ་ཆོས་ལུགས་སྡེ་ཁག་གི་ཆོག་མཆན་ཐོབ་པའི་གནས་སུ་སྤེལ་བའི་བྱེད་སྒོ་ལ་བྱ་བ་ཡིན། དེར་ཆོས་ལུགས་སྡེ་ཁག་གིས་ཐོ་འགོད་བྱས་པའི་ཆོས་ལུགས་ལས་རིགས་མི་སྣའམ་ཡང་ན་གཏན་འབེབས་ཀྱི་ཆ་རྐྱེན་དང་མཐུན་པའི་མི་སྣས་གཙོ་སྐྱོང་བྱེད་དགོས། རྩ་ཁྲིམས་དང་ཁྲིམས་ལུགས་ཁྲིམས་སྲོལ། སྲིད་ཇུས་སྒྲིག་སྲོལ་བཅས་དང་འགལ་བའི་ཆོས་ལུགས་བྱེད་སྒོ་ཚང་མ་ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་ཡིན། དཔེར་ན། ཆོག་མཆན་མ་ཐོབ་པར་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དགོན་སྡེའི་ཕྱི་རོལ་ཏུ་ཆོས་ལུགས་བྱེད་སྒོ་སྤེལ་བ་དང་། དགོན་པ་འཛུགས་སྐྲུན་གང་བྱུང་བྱེད་པ། ཆོས་ལུགས་ཀྱི་སྐུ་བརྙན་གང་བྱུང་བཞེངས་པ། རང་འཚམ་གྱིས་ཕྱི་རྒྱལ་དུ་གནས་སྐོར་རྩ་འཛུགས་ལ་དང་ལེན་བྱེད་པ། རང་འཚམ་གྱིས་ཕྱི་རྒྱལ་གྱི་ཆོས་ལུགས་ཚོགས་པས་ཆོས་ལུགས་ལས་སྣེའི་གོ་གནས་གནང་བར་དང་ལེན་བྱེད་པ། རང་མཚམ་ཀྱིས་འདུ་འཛོམས་བྱེད་ས་འཛུགས་པ། རང་འཚམ་གྱིས་ཆོས་ལུགས་ལས་རིགས་མི་སྣའི་ཐོབ་ཐང་གཡོ་ལེན་བྱེད་པ། དགོན་པ་འགན་གཙང་ལེན་གྱིས་གཉེར་སྐྱོང་བྱེད་པ། དགོན་པ་རྒྱུ་ནོར་གྱི་ངོས་ནས་ཚོང་རར་འདོན་པ། དྲ་ཐོག་ནས་ཁྲིམས་འགལ་གྱིས་ཆོས་སྤེལ་བ། ལས་ཞུགས་དང་ཚོང་གཉེར། ཡུལ་སྐོར་སོགས་ཀྱི་མིང་ཐོག་ནས་ཕྱི་རྒྱལ་གྱི་ཆོས་ལུགས་བྱེད་སྒོར་ཞུགས་པ་སོགས་ལྟ་བུ་ཡིན།
བཞི། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོའི་མངོན་ཚུལ་གང་དག་ཡོད།
མིག་སྔར། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོའི་རྣམ་པ་སྣ་མང་ཡིན་ཏེ། དཔེར་ན། དགོན་པ་འཛུགས་སྐྲུན་བྱེད་པ་དང་། སངས་རྒྱས་ཀྱི་སྐུ་བརྙན་གང་བྱུང་དུ་བཞེངས་པ། དགོན་པར་འགན་གཙང་ལེན་པ། དགོན་པ་ཚོང་རྫས་སུ་བརྩིས་ནས་ཚོང་རར་འདོན་པ། རང་འཚམ་གྱིས་གནས་མཇལ་སྒྲིག་འཛུགས་བྱེད་པ། ཡེ་ཤུའི་ཆོས་ལུགས་ཀྱི་འདུ་འཛོམས་ས་ཚིགས་སྒེར་འཛུགས་བྱེད་པ། ཆོས་ལུགས་ཀྱི་ལས་གནས་མི་སྣར་བརྫུས་ནས་དངུལ་གཡོ་ལེན་བྱེད་པ། དྲ་ཐོག་ནས་ཁྲིམས་འགལ་གྱིས་ཆོས་སྤེལ་བ། དྲ་ཐོག་ནས་ཁྲིམས་འགལ་གྱིས་ཆོས་ལུགས་སྦྱོང་བརྡར་བྱེད་པ། སྤྱི་སྤྱོད་ས་གནས་སུ་ཆོས་ལུགས་ཀྱི་ཁྱད་ཆོས་ལྡན་པའི་དྲིལ་བསྒྲགས་ཡིག་ཆ་འགྲེམ་སྤེལ་བྱེད་པ། དབྱར་དགུན་གྱི་སྒར་སའམ་ཡང་ན་སྦྱོང་བརྡར་སྣ་ཚོགས་ལ་བརྟེན་ནས་གཞོན་ནུ་ལོ་ཆུང་ལ་ཆོས་ལུགས་ཀྱི་བསམ་བློ་སྤེལ་བ་སོགས་ལྟ་བུ་ཡིན། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་དེ་དག་གིས་རྒྱུན་ལྡན་གྱི་ཆོས་ལུགས་སྒྲིག་ལམ་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་།རྒྱལ་ཁབ་ཀྱི་བདེ་འཇགས། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་བཅས་ལ་དཔག་དཀའ་བའི་གནོད་སྐྱོན་ཐེབས་ཀྱི་ཡོད།
ལྔ། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོར་ཞུགས་པར་མཇུག་འབྲས་ཅི་ཞིག་ཡོད།
《ཆོས་ལུགས་ལས་དོན་སྲོལ་ཡིག》གི་དོན་ཚན་རེ་དགུ་པའི་གཏན་འབེབས་ལྟར་ན།"ཆོས་ལུགས་བྱེད་སྒོ་སྤེལ་ས་རང་འཚམ་གྱིས་འཛུགས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་སའི་ཐོ་འགོད་རྩིས་མེད་དུ་བཏང་བའམ་ཡང་ན་ཐོ་འགོད་ལག་ཁྱེར་ཕྱིར་བསྡུས་ཀྱང་སྔར་བཞིན་ཆོས་ལུགས་བྱེད་སྒོ་སྤེལ་བ། ཡང་ན་རང་འཚམ་གྱིས་ཆོས་ལུགས་སློབ་གྲྭ་འཛུགས་པའི་རིགས། ཆོས་ལུགས་ལས་དོན་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བཅའ་ཁྲིམས་ལྟར་མེད་པར་བཟོ་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་དང་ཁྲིམས་འགལ་གྱི་རྒྱུ་ནོར་ཡོད་ན་ཚང་མ་གཞུང་བཞེས་གཏོང་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་གཏན་འཁེལ་བྱེད་ཐབས་མེད་པའི་རིགས། སྒོར་ཁྲི་ལྔ་མན་གྱི་དངུལ་ཆད་གཅོད་རྒྱུ། ཁྲིམས་འགལ་གྱི་ཁང་པ་དང་བཟོ་བཀོད་ཡོད་ཚེ་འཆར་འགོད་དང་འཛུགས་སྐྲུན་སོགས་སྡེ་ཚན་གྱིས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ། བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ཡོད་ཚེ་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་རྒྱུ་དང་། ཆོས་ལུགས་ཚོགས་པ་མིན་པ་དང་། ཆོས་ལུགས་སློབ་གྲྭ་མིན་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་མིན་པ། གཏན་འཁེལ་བྱས་པའི་གནས་སྐབས་བྱེད་སྒོ་སྤེལ་ས་མིན་ཡང་དེར་ཆོས་ལུགས་བྱེད་སྒོ་སྤེལ་བ་དང་ཆོས་ལུགས་རང་བཞིན་གྱི་ཞལ་འདེབས་དང་ལེན་བྱེད་པའི་རིགས་ལ་ཆོས་ལུགས་ལས་དོན་སྡེ་ཚན་གྱིས་སྤྱི་བདེ་དང་། དམངས་སྲིད། འཛུགས་སྐྲུན། སློབ་གསོ། རིག་གནས། ཡུལ་སྐོར། རིག་དངོས་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གཉེར་མཚམས་འཇོག་ཏུ་འཇུག་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆ་དང་ཁྲིམས་འགལ་རྒྱུ་ནོར་ཡོད་ཚེ་ཚང་མ་གཞུང་བཞེས་གཏོང་རྒྱུ་དང་། ཁྲིམས་འགལ་གྱི་ཐོབ་ཆའི་ལྡབ་གཅིག་ཡན་ནས་ལྡབ་གསུམ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅད་ཆོག ཁྲིམས་འགལ་གྱི་ཐོབ་ཆ་གཏན་འཁེལ་བྱེད་ཐབས་བྲལ་རིགས་ལ་སྒོར་ཁྲི་ལྔ་མན་གྱི་དངུལ་ཆད་གཅད་ཆོག ཉེས་གསོག་གི་ཚད་ལ་བསླེབས་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།
དྲུག ཉེ་འཁོར་གྱི་ཁྲིམས་འགལ་ཆོས་ལུགས་བྱེད་སྒོར་ངོས་འཛིན་ཇི་ལྟར་བྱ་དགོས་སམ།
ཁྲིམས་འགལ་ཆོས་ལུགས་བྱེད་སྒོར་གཤམ་གསལ་གྱི་ཁྱད་ཆོས་འདི་དག་ལྡན། ང་ཚོས་དེ་དག་ཕྱོགས་གཅིག་ཏུ་བསྡུས་ནས་མང་ཚོགས་ལ་མཁོ་འདོན་བྱས་ཡོད་པས། གལ་ཏེ་གནས་ཚུལ་དེ་རིགས་མཐོང་ན་དོགས་ཟོན་ཆེན་པོ་བྱེད་དགོས་པ་མ་ཟད་དུས་ཐོག་ཏུ་ཐེར་འདོན་བྱེད་དགོས།
1.ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་སྤྱིར་བཏང་གི་ཆོས་ལུགས་ཀྱི་དཔེ་དེབ་དང་། ཆོས་ལུགས་ཀྱི་ནང་དོན་འཁོད་པའི་ཁྲིམས་འགལ་པར་སྐྲུན་དངོས་པོ། ཆོས་ལུགས་ཀྱི་མཚོན་རྟགས་དངོས་པོ་བཅས་ཡོད་པ། ཐུན་མོང་གིས་ཆོས་འདོན་པ་དང་། བསྟོད་གླུ་ལེན་པ། སྨོན་ལམ་འདེབས་པ། བསྐོར་བ་རྒྱག་པ་སོགས་ཀྱི་བྱ་སྤྱོད་ཡོད་པ།
2.ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་ཞལ་འདེབས་སྒམ་བསྒྲིགས་ནས་ཆོས་ལུགས་ཀྱི་ཞལ་འདེབས་རང་དགར་བསྡུ་ལེན་བྱེད་པ།
3.ཁྲིམས་འགལ་གྱི་ཆོས་ལུགས་བརྒྱུད་སྤེལ་བྱེད་མཁན་གྱིས་དྲིལ་བསྒྲགས་ཀྱི་དར་རྟགས་སྣ་ཚོགས་ལ་བརྟེན་ནས་ཆོས་ལུགས་ཀྱི་ངོ་བོ་ལྡན་པའི་དྲིལ་བསྒྲགས་ཡིག་ཆ་འགྲེམས་སྤེལ་བྱེད་པའམ་ཡང་ན་ཁྱེད་ལ་ཆོས་ལུགས་འགའ་ཞིག་ལ་དོ་སྣང་ཡོད་མེད་འདྲི་རྩད་བྱས་ནས་ཐབས་ཤེས་ཡོད་རྒུ་སྤྱད་དེ་ཁྱེད་རང་ཆོས་ལུགས་ལ་དད་པ་བྱེད་དུ་འཇུག་པ།
4.ཁྲིམས་འགལ་གྱི་ཆོས་ལུགས་མི་སྣ་ཁ་ཤས་ཀྱིས་ཁ་བརྡ་བྱེད་པ་དང་། སྐད་འཕྲིན་སྣོན་པ། ཨང་རིས་བཤེར་འབེབས་བྱས་ནས་ལེགས་སྐྱེས་ཆུང་ཆུང་སྤྲོད་པ་སོགས་ཀྱི་ཐབས་ཀྱིས་ཁྱོད་ཆོས་ལུགས་བརྗེ་རེས་ཀྱི་འབྲེལ་འདྲིས་ཚོགས་པ་གང་རུང་དུ་ཞུགས་སུ་བཅུག་ནས། ཆོས་ལུགས་ཀྱི"བསླབ་བྱ"བསྐུར་ནས། རིམ་གྱིས་ཁྱོད་ཆོས་ལུགས་ལ་དད་དུ་འཇུག་པ།
5.ཁྲིམས་འགལ་གྱི་ཆོས་ལུགས་རྩ་འཛུགས་ཁ་ཤས་ཀྱིས་དད་ལྡན་མི་སྣ་འགུག་པ་དང་བཙན་ཤེད་ཀྱིས་རླངས་འཁོར་སོགས་ལ་བརྟེན་ནས"གྲོང་ཁྱེར་སྐོར་ནས་སངས་རྒྱས་ལ་བསྐོར་བ་བྱེད་པའི"ཁྲིམས་འགལ་གྱི་ཆོས་ལུགས་བྱ་འགུལ་སྤེལ་བ།
6.ཁྲིམས་འགལ་གྱི་ཆོས་ལུགས་མི་སྣ་ཁ་ཤས་ཀྱིས་དཔེ་ཁང་དང་། དཔེ་མཛོད་ཁང་། དཔེ་ཁང་སོགས་སུ་མཚན་ཉིད་རིག་པ་དང་ཆོས་ལུགས་ཀྱི་དཔེ་དེབ་འཇོག་ཁུལ་དུ་གོ་སྐབས་ལ་སྒུག་ནས་་འབྲེལ་བ་འཛིན་པ་དང་། རིམ་གྱིས་མི་བསྡུས་ཏེ་ཆོས་ལུགས་ལ་དད་དུ་འཇུག་པ།