མཚོ་སྔོན་གྱིས་ཆོས་ལུགས་ཀྱི་ལས་སྣེ་འཛིན་མཁན་གྱི་དྲ་རྒྱའི་བྱ་སྤྱོད་ཚད་ལྡན་སྐོར་གྱི་ཞིབ་སྲོལ་བཏོན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། དྲ་རྒྱའི་དུས་རབས་ཀྱི་ཆོས་ལུགས་ལས་དོན་ཚད་ལྡན་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཆོས་ལུགས་ཁྱབ་ཁོངས་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་སྲུང་རགས་སྲ་བརྟན་དུ་གཏོང་ཆེད། ཉེ་ཆར་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་སྣེ་འཛིན་མཁན་གྱི་དྲ་རྒྱའི་བྱ་སྤྱོད་ཚད་ལྡན་སྐོར་གྱི་ཞིབ་སྲོལ》(གཤམ་དུ《ཞིབ་སྲོལ》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ་ཁྲིམས་སྐྱོང་ཅན་དང་། ལམ་ལུགས་ཅན། ཞིབ་ཚགས་ཅན་གྱི་བྱེད་ཐབས་ཐོག་ནས་ཆོས་ལུགས་ཀྱི་ལས་སྣེ་འཛིན་གྱི་དྲ་རྒྱའི་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་དང་། ཆོས་ལུགས་འཆམ་མཐུན་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་ཞི་མཐུན་བཅས་ལ་སྐུལ་འདེད་གཏང་བར་ལམ་ལུགས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས།

《ཞིབ་སྲོལ》དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་དེ་བཞིན《མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག》ལ་གཞིགས་ནས་བཟོས་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བཅས་ཀྱི་གཙོ་ཐིག་ལ་སྐྱ་འཐིབས་ནས་ཡོད། ཞིང་ཆེན་ཡོངས་ཀྱིས་ཁྲིམས་ལྟར་ཐོ་འགོད་བྱས་པའི་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་དང་དེ་བཞིན་གཏན་འཁེལ་ཐོ་འགོད་བྱས་པའི་ཆོས་ལུགས་དགེ་རྒན་ཡོངས་ལ་སྤྱད་ནས་བྱེད་པོ་ཡོངས་སུ་ཁྱབ་པ་དང་། བྱ་སྤྱོད་ཡོངས་སུ་ཚད་ལྡན་དུ་གཏོང་བ། དོ་དམ་འབྲེལ་ཐག་ཡོངས་སུ་གཏོང་བ་བཅས་མངོན་འགྱུར་ཡོང་བ་བྱས་ཡོད།

《ཞིབ་སྲོལ》ལ་ཁྱོན་ལེའུ་དྲུག་དང་དོན་ཚན་ཉི་ཤུ་རྩ་ལྔ་ཡོད་དེ། སྤྱིའི་རྩ་དོན་གྱིས་སྣེ་ཁྲིད་དང་། གཞི་རྩའི་ཚད་ལྡན། བྱེད་སྒོ་ཚད་ལྡན། བཀག་སྡོམ་གསལ་ཐོ། དོ་དམ་འགན་འཁྲི། ཞར་བྱུང་དོན་ཚན་འགན་སྲུང་བཅས་ཀྱི་ལམ་ལུགས་མ་ལག་ཆ་ཚང་བབཟོསཡོད། དེའི་ནང་རྒྱལ་གཅེས་ཆོས་གཅེས་དང་། ཁྲིམས་སྲུང་སྒྲིག་སྲོལ་ལ་བརྩི་སྲུང་། གཏམ་སྤྱོད་དྲང་བ། བདེ་འཇགས་དཔལ་ཡོན་བཅས་ཀྱི་གཞི་རྩའི་ཚད་གཞི་གསལ་འབེབས་བྱས་ཏེ།   ཆོས་ལུགས་ལས་སྣེ་འཛིན་མཁན་ལ་ཐོབ་ཐང་ཐོག་ནས་དྲ་རྒྱའི་རྩིས་ཐོའི་ཨང་གྲངས་ཐོ་འགོད་བྱེད་དུ་བཅུག་སྟེ་དངོས་མིང་ཞུ་ཚགས་བཟོས་ཐོག་ཞིབ་བཤེར་ལག་བསྟར་བྱེད་པ་དང་། སྲིད་གཞུང་གི་ལྟ་སྐུལ་དོ་དམ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་རང་འགུལ་ངང་དང་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དྲ་རྒྱའི་ཆོས་ལུགས་བྱེད་སྒོའི་གནད་འགག་གི་གོ་རིམ་་ལ་དམིགས་ཏེ། དབངལུང་ཆོས་འཆད་དང་ཐོས་བསམ་་ཟབ་སྦྱོང་ལ་ཚད་བཀག་ནན་མོ་བཟོས་ཏེ། ཁྲིམས་ལྟར་ཆོག་འཐུས་ཐོབ་པའི་ཞིང་ཆེན་དེའི་ཆོས་ལུགས་ལས་སྟེགས་ཁོ་ནར་མ་གཏོགས་སྤེལ་མི་ཆོག་པ་དང་།  སྤྱི་གཞུང་གི་དྲ་རྒྱའི་ལས་སྟེགས་སུ་ཆོས་སྤེལ་ཆོས་འཆད་དང་། དྲ་རྒྱའི་ཆོས་ལུགས་བྱེད་སྒོ་སྒྲིག་འཛུགས། བྱིས་པར་ཆོས་འཆད་པ། ཆོས་གཡར་ནས་རྒྱུ་ནོར་བསྡུ་བ། ཐལ་སྐྱོད་བསམ་བློ་ཁྱབ་སྤེལ། ཕྱི་རྒྱལ་གྱི་སྟོབས་ཤུགས་ལ་ངན་འབྲེལ་བྱེད་པ། ལག་རྩལ་གསར་པ་སྤྱད་དེ་སྒྲིག་འགལ་ཆ་འཕྲིན་བཟོ་བ་སོགས་ཀྱི་བྱ་སྤྱོད་གཏན་འགོག་ནན་པོ་བྱས་ཏེ། བྱ་སྤྱོད་ཀྱི་མ་མཐའི་མཚམས་ཐིག་གསལ་པོ་འབྱེད་དགོས་པ་གཏན་ལ་ཕབ་ཡོད།   

《ཞིབ་སྲོལ》གྱིས་ཆོས་ལུགས་ཚོགས་པ་དང་། སློབ་གླིང་། བྱེད་སྒོ་སྤེལ་ཡུལ་བཅས་ཀྱི་བྱེད་པོ་འགན་འཁྲི་ཇེ་དམ་དུ་བཏང་ནས་དྲ་རྒྱའི་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུ་དེ་སློབ་གསོའི་ཟབ་སྦྱོང་དང་། རྒྱུན་གཏན་དོ་དམ། དཔྱད་ཞིབ་གདེང་འཇོག་བཅས་ཀྱི་ནང་བཅུག རིམ་དབྱེ་རིགས་དབྱེ་ཐག་གཅོད་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་སྒྲིག་འགལ་བྱ་སྤྱོད་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་དུས་བཀག་ནང་དག་ཐེར་དང་། མཉམ་འབྲེལ་ཐག་གཅོད། གནས་སྐབས་ཐོབ་ཐང་མེད་པར་བཟོ་བ་དང་ཐ་ན་ཉེས་དོན་འགན་འཁྲི་བདའ་འདེད་བཅས་བྱས་ཏེ་སློབ་གསོས་ཁྲིད་སྟོན་དང་། རྒྱུན་ལྡན་དུ་ལྟ་སྐུལ་དོ་དམ། སྒྲིག་འགལ་ལ་ངེས་པར་དུ་རྩད་གཅོད་བཅས་ཀྱི་ཁ་ཟུམ་དོ་དམ་ལམ་སྲོལ་ཆགས་སུ་འཇུག་དགོས་པ་བཏོན་ཡོད། 

ཐེངས་འདིར་བཏོན་པའི《ཞིབ་སྲོལ》ནི་མཚོ་སྔོན་ཞིང་ཆེན་གྱིས་ཆོས་ལུགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ལག་ལེན་གལ་ཆེན་ཞིག་ཡིན་པ་དང་། དེས་དྲ་རྒྱའི་ཆོས་ལུགས་སྐྱེ་ཁམས་གཙང་སེལ་དང་། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་བ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཚམ་པར་ཁྲིད་སྟོན་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པས། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་བའི་རྒྱུན་བསྐྱོང་བར་སྐུལ་འདེད་གཏང་ངེས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།