ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཅང་སུའུ་ཞིང་ཆེན་དུ་སོང་ནས་བཟོ་ཚོགས་ཀྱི་ཁྲིམས་འཛུགས་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ5པའི་ཚེས6ཉིན་ནས་ཚེས10ཉིན་བར།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཅང་སུའུ་ཞིང་ཆེན་དུ་སོང་ནས། བཟོ་ཚོགས་ཀྱི་ཁྲིམས་འཛུགས་བྱ་བར་དམིགས་ནས་རྟོག་ཞིབ་ལྟ་ཞིབ་དང་བྱ་བའི་ཐད་ནས་བསམ་བློ་བརྗེ་རེས་བྱས།

རྟོག་ཞིབ་ཚན་ཆུང་གིས་ཀྲིན་ཅང་གྲོང་ཁྱེར་གྱི་ལས་བཟོ་པའི་ཞབས་ཞུ་ལྟེ་གནས་ཀྱི་ཞིབ་དཔྱོད་ཞབས་ཞུའི་ས་ཚིགས་དང་། རུའུ་ཀའོ་ངལ་རྩོལ་རྩོད་གཞི་སྐོར་སྐྱོད་ཁྲོམ་ར།   ཀྲུང་གོ་འབྲུ་རིགས་གསོག་འཇོག་དོ་དམ་སྡེ་ཚོགས་ཚོད་ཀུང་སི་དང་། ཀྲུང་གོ་ལྕགས་ལམ་ཅུས་བཞི་པའི་སྡེ་ཚོགས་ཀྱི་བཟོ་སྐྲུན་ཚད་ཡོད་ཀུང་སི་དགུ་པ་སོགས་སུ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་།    ཅང་སུའུ་ཞིང་ཆེན་གྱི་བཟོ་ཚོགས་ཀྱི་ཁྲིམས་འཛུགས་བྱ་བའི་ཐད་ཀྱི་ཉམས་མྱོང་བྱེད་ཐབས་དང་གྲུབ་འབྲས་ལ་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད།   ཅང་སུའུ་ཞིང་ཆེན་དམངས་ཆེན་དང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་དང་བཞུགས་མོལ་སྤེལ་རེས་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན།   ཅང་སུའུ་ཡིས་བཟོ་ཚོགས་ཀྱི་ཁྲིམས་འཛུགས་དང་ལག་ལེན་འཚོལ་ཞིབ་ཁྲོད་མ་ལག་འདུ་ཤེས་རྒྱུན་འཁྱོངས་དང་ཁྲིམས་སྐྱོང་བསམ་ཕྱོགས་ཇེ་དྲག་ཏུ་བཏང་ནས། ཡང་བསྐྱར་བཀོལ་ཆོག་པ་དང་ཁྱབ་གདལ་དུ་བཏང་ཆོག་པའི་ལམ་ལུགས་ཀྱི་གྲུབ་འབྲས་དང་ལག་ལེན་གྱི་ཉམས་མྱོང་རབ་དང་རིམ་པ་གྲུབ་པར་བྱས།  ཉམས་མྱོང་དང་བྱེད་ཐབས་འདི་དག་གིས་ལས་བཟོ་པའི་ཁེ་དབང་འགན་སྲུང་གི་དཀའ་གནད་དང་འགག་གནད་ལ་དམ་པོར་དམིགས་ནས། རྩེ་རིམ་ཇུས་འགོད་ཀྱི་མཐོང་རྒྱ་ཡངས་པོ་དང་གཞི་རིམ་གསར་གཏོད་ཀྱི་ཕྲ་མཐོང་ཕན་འབྲས་ཡོད་པས།   མཚོ་སྔོན་ཞིང་ཆེན་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།   ཁྲིམས་འཛུགས་ཀྱི་དམིགས་གཏད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཇེ་དྲག་ཏུ་གཏོང་བར་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན།

རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན།   ཆབ་སྲིད་ཁྲིད་སྟོན་དེ་ཁྲིམས་འཛུགས་ཁྲིམས་བཅོས་ཀྱི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱས་ནས། བཟོ་ཚོགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་བརྒྱུད་དེ་མདུན་དུ་བསྐྱོད་པར་འགན་ལེན་བྱེད་དགོས།    དེ་དང་མཉམ་དུ།   རྟོག་ཞིབ་གྲུབ་འབྲས་ཀྱི་རྣམ་སྒྱུར་བེད་སྤྱོད་བྱ་བ་བཟང་བོར་བསྒྲུབ་པ་དང་།   མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཐོན་ལས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་དམ་པོར་བྱས་ཏེ། སྔོན་ཐོན་ལ་དཔེ་བསྡུར་དང་མི་འདང་སར་ཞིབ་བཤེར་ཁ་གསབ་བྱས་ནས་རང་ཞིང་གིས་བཟོ་ཚོགས་ཀྱི་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་བཟོ་བཅོས་བྱེད་པར་སྤུས་ཚད་མཐོ་བས་སྐུལ་འདེད་གཏོང་དགོས།    ས་གནས་གཉིས་ཀྱི་དམངས་ཆེན་དང་འབྲེལ་ཡོད་སྡེ་ཁག་གིས་རྒྱུན་རྣམ་ཅན་གྱི་འབྲེལ་འདྲིས་མཐུན་སྦྱོར་ལམ་སྲོལ་བཙུགས་ཏེ་ཁྲིམས་འཛུགས་རྟོག་ཞིབ་དང་ཁྲིམས་བསྟར་ལྟ་སྐུལ།  འཐུས་མིས་འགན་སྒྲུབ་སོགས་ཁྱབ་ཁོངས་ཀྱི་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ལས་དོན་གཏིང་ཟབ་ཏུ་སྤེལ་བ་དང་།   ལས་རྣམ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་སོགས་ཐུན་མོང་གི་དཀའ་གནད་མཉམ་དུ་ཐག་བཅད་དེ། ས་གནས་གཉིས་ཀྱི་བཟོ་ཚོགས་བྱ་བའི་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་མཉམ་དུ་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།