སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་དང་ཧྲའན་ཞི་ཞིང་ཆེན་ཁྲང་ཀྲི་གྲོང་ཁྱེར་དུ་སློབ་བཤེར་སྒྱུར་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ལ། ཞིབ་བཤེར་གཏིང་ཟབ་དང་དག་བཅོས་དམ་འཛིན་བྱས་ཏེ། དངོས་སྒྲུབ་ཀྱི་བྱེད་ཐབས་ཀྱིས་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་།
ཀུའེ་ཀྲོའུ་ཀུའེ་དབྱང་གིས་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་ལེན་པའི་ཐད་འབད་བརྩོན་བྱས་ཏེ། བསླབ་ནས་ལས་ལ་སྐུལ་བ་དང་བྱ་ཐབས་དངོས་སྤྱོད་པ། ཕན་འབྲས་དངོས་བརྩོན་པ་བཅས་མཐའ་འཁྱོངས་བྱས། ས་གནས་ཀྱིས་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་ཁེ་ལས་དང་སྡེ་ཁུལ། གྲོང་ཚོ་དང་སྡེ་བ་སོགས་སུ་བརྟག་དཔྱད་ཞིབ་འཇུག་བྱས་པ་མ་ཟད། མང་ཚོགས་ཀྱི་བསམ་འཆར་ལ་ཉན། གྲོང་མིའི་སྲིད་དོན་བྱ་བ་སྒྲུབ་པའི་ལས་ཆོད་དང་སྟབས་བདེ་ཚད་སྔར་ལས་མཐོ་རུ་གཏོང་ཆེད། ཀུའེ་དབྱང་གྲོང་ཁྱེར་སྤྱི་བདེ་དང་དམངས་སྲིད། རང་བྱུང་ཐོན་ཁུངས་སོགས་སྡེ་ཁག་མང་པོས་མཉམ་འགུལ་བྱས་ཏེ། གཞི་གྲངས་མཉམ་སྤྱོད་ལ་ཤུགས་བསྣན་པ་དང་ཀུང་སིའི་ཐོ་འགོད་བཅོས་བསྒྱུར་ཚུད་པའི་དོན་ཚན216མགྱོགས་མྱུར་ངང་སྒྲུབ་ནས། གྲོང་མིའི་ཆ་སྙོམས་ཀྱི་དོན་སྒྲུབ་རེ་ཞུའི་རྒྱུ་ཆ་སྒྲུབ་ཡུན་དང་སྒུག་ཡུན་ཕྱེད་ཀའི་ཡན་ཇེ་ཐུང་དུ་བཏང་།
ད་ལྟ། ཀུའེ་དབྱང་རྫོང་གི་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཆུང་གིས་སྡོམ་པས་གནད་དོན1400ལྷག་རྩད་ཆོད་དེ། གནད་དོན་འཚོལ་བཤེར་དང་དག་ཐེར་བཅོས་སྐྱོང་གི་རྩིས་ཁྲ་བཟོས་ཡོད།
ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཏིན་ཡུང་གིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། སྲིད་འབྲས་ལྟ་བ་ཡང་དག་པའི་ཁྲིད་ཕྱོགས་འཛུགས་དགོས་ལ། འཕེལ་རྒྱས་ཀྱི་གནད་འགག་དང་དམངས་འཚོའི་ཆད་ལུས། ལས་ཀའི་དཀའ་གནད་བཅས་ལ་དམིགས་ཏེ། དག་ཐེར་ཡོ་བསྲང་དམ་འཛིན་ནན་མོ་དང་། དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་“ལོ་ལྔའི་འཆར་འགོད་བཅོ་ལྔ་”པའི་འགོ་ཡག་པོ་རྩོམ་པར་སྐུལ་འདེད་གཏོང་དགོས།
ཧྲན་ཞི་ཁྲང་ཀྲི་ཡིས་སྒོ་འབྱེད་སློབ་གསོ་རྒྱུན་འཁྱོངས་བྱས་ཏེ། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་རྩ་འཛུགས་བྱས་ནས་གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པར་བསྐྱོད་པ་དང་། བསམ་འཆར་སྒམ་དང12345ཐད་སྦྲེལ་ཁ་པར་སོགས་ཀྱི་ཐབས་ལམ་བརྒྱུད་དེ། མང་ཚོགས་ཀྱི་རེ་འབོད་ལ་ཉན། མཁར་ཁུལ་གཙོ་བོ་རུ་གནས་པའི་ཡུའུ་ཙི་ཧྭ་ཡོན་གཞིས་ཁུལ་དུ་སྡོད་དམངས་དུད་ཚང3000ལྷག་ཡོད་ལ། རླངས་འཁོར་འཇོག་ས་མེད་པ་དང་གློག་གསོག་སྒྲིག་ཆས་ཉུང་བའི་གནད་དོན་མངོན་གསལ་ཡིན་པས། སློབ་སྦྱོང་སློབ་གསོའི་ཁྲོད། གཞིས་ལས་དོ་དམ་ཞབས་ཞུ་ལྟེ་གནས་དང་སྡེ་ཁུལ་སོགས་སྡེ་ཁག་གིས་སྣེ་ཁྲིད་དེ་སྡོད་དམངས་ལ་བཅར་འདྲི་དང་ཕྱོགས་མང་མཐུན་སྦྱོར་བྱས་པར། ཉིན་འདི་དག་ལ། གསར་དུ་བསྐྲུན་པའི་གློག་སྒུལ་ལྕགས་རྟའི་སྤྱིལ་ཁང་དང་གློག་སྒུལ་རླངས་འཁོར་གྱི་གློག་སྡོང་བཅུ་ལྷག་དངོས་སུ་བཙུགས་ནས་སྤྱོད་འགོ་ཚུགས་ཡོད།
སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། ཁྲང་ཀྲི་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ལ་དམིགས་ཏེ་འཕྲལ་བཤེར་འཕྲལ་བཅོས་བྱེད་པ་མཐའ་འཁྱོངས་དང་། ཡུག་ཁུལ་གྱི་བསྒྱུར་བཀོད་ཆུང་བ་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་སོགས་དམངས་འཚོའི་གནད་དོན་ཁག་ཅིག་ཐག་གཅོད་བྱས།
ཧྲན་ཞི་ཞིང་ཆེན་ཁྲང་ཀྲི་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ལུའེ་ཀྲི་ཀང་གིས་བཤད་རྒྱུར། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་བསྒྲུབ་པ་དང་། སློབ་བཤེར་སྒྱུར་གསུམ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ལས་འགན་ཁག20ཞིབ་ཚགས་སུ་བཏང་སྟེ། མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ། སློབ་སྦྱོང་དང་སློབ་གསོའི་ཕན་འབྲས་དེ་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་དགོས།