མཚོ་ནུབ་ཀྱི་དགེ་སློབ་བཞི་བཅུ་པེ་ཅིང་དུ་སོང་ནས་བརྗོད་དོན་ཞིབ་སློབ་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ4པའི་ཚེས26ཉིན་ནས་ཟླ5པའི་ཚེས2ཉིན་བར། ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ཡི་རྒྱབ་སྐྱོར་འོག མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུས་ཀྱིས་ཁུལ་ཡོངས་ཀྱི་དགེ་སློབ་བཞི་བཅུ་རྩ་འཛུགས་བྱས་ཏེ་དུས་ཡུན་ཉིན་བདུན་གྱི་རིང་ལ་མི་རིགས་མང་པོ་ཁྱིམ་ཚང་གཅིག་ལྟར་བརྩེ། ལག་རྡང་སྦྲེལ་ནས་ཀྲུང་གོའི་ཕུགས་འདུན་བསྐྲུན་ཞེས་པའི་བརྗོད་དོན་ཞིབ་སློབ་བྱེད་སྒོ་སྤེལ།

ཞིབ་སློབ་ཀྱི་ས་ཚིགས་དང་པོ་རུ། དགེ་སློབ་རྣམས་ཞོགས་པ་སྔ་མོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་འབྱོར་ནས་རྒྱལ་དར་བསྒྲེང་པའི་མཛད་སྒོར་བལྟས་པར་མ་ཟད། རྒྱལ་དར་སྲུང་སྐྱེལ་རུ་ཁག་གི་རུ་མི་དང་བརྗེ་རེས་བྱས་ཏེ། རྒྱལ་དར་དང་འབྲེལ་བའི་གཏམ་རྒྱུད་ལ་ཉན། གནའ་བོའི་ཕོ་བྲང་དང་ཅུས་ཡུང་ཀོན་གྱི་ལྕགས་རི་རིང་པོ་རུ། བྱིས་པ་ཚོས་ཐག་ཉེ་ས་ནས་ཀྲུང་ཧྭའི་དཔལ་ཡོན་གྱི་བརྗིད་ཉམས་ཚོར་བར་བྱས། པེ་ཅིང་སློབ་ཆེན་དུ། བྱིས་པ་ཚོ་དང་པེ་ཅིང་སློབ་ཆེན་གྱི་སློབ་མས་གཅིག་གཏད་གཅིག་གིས་བརྗེ་རེས་བྱས་པ་དང་། ཁོ་ཚོས་པེ་ཅིང་སློབ་ཆེན་གྱི་འབད་བརྩོན་གཏམ་རྒྱུད་བཤད་པར་ཉན། པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་རྟེན་མཛོད་ཁང་དུ། དོན་ཟབ་ཅིང་གོ་སླ་བའི་ཚན་རིག་ཤེས་བྱ་ཁྱབ་གདལ་གྱི་སློབ་ཐུན་ཞིག་གིས་བྱིས་པ་ཚོའི་མཁའ་སྐྱོད་རྨི་ལམ་ལ་ཁ་ཕྱོགས་སྟན། མི་རིགས་རིག་གནས་ཕོ་བྲང་དུ། དགེ་སློབ་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་རིག་དངོས་གནའ་རྫས་འགྲེམ་སྟོན་ལ་ལྟ་སྐོར་བྱས་པ་དང་། རིག་དངོས་རེ་རེ་བརྒྱུད་དེ། མི་རིགས་སོ་སོ་འགྲོ་འོང་བརྗེ་རེས་མཉམ་འདྲེས་བྱས་པའི་ལོ་ངོ་སྟོང་ཕྲག་གི་གཏམ་རྒྱུད་ལ་རྒྱུས་ལོན་ཟབ་མོ་བྱས།

དེ་ལས་གཞན། མཚོ་ནུབ་ཁུལ་གྱི་སློབ་མ་ཚོས་ད་རུང་པེ་ཅིང་བཟོ་ལས་སློབ་ཆེན་ཚོད་ལྟའི་སློབ་འབྲིང་གི་སློབ་མ་ཚོ་དང་མཉམ་དུ་སློབ་ཁྲིད་ཉན་ཞིང་། གཟེབ་གྲུག་སྤོ་ལོའི་མཛའ་བརྩེའི་འགྲན་སྡུར་སྤེལ་ནས་ཕན་ཚུན་ལ་ལེགས་སྐྱེས་བྱིན་པ་དང་། ས་གནས་གཉིས་ཀྱི་ན་གཞོན་བར་མཛའ་བརྩེ་ཟབ་མོ་ཆགས་པར་བྱས།

སྣེ་ཁྲིད་དགེ་རྒན་གྱིས་བཤད་རྒྱུར། ཐེངས་འདིའི་ཞིབ་སློབ་ལས་སློབ་མ་རྣམས་ཀྱི་མིག་རྒྱ་བསྐྱེད་པར་མ་ཟད། ད་རུང་རྒྱལ་གཅེས་དང་མི་རིགས་མཐུན་སྒྲིལ་གྱི་དགེ་མཚན་སེམས་སུ་ཉར་བར་བྱས་ཡོད། བྱེད་སྒོ་བརྒྱུད་དེ་ས་ཁམས་གནས་ཡུལ་གྱི་བར་བརྒལ་མངོན་འགྱུར་བྱུང་བར་མ་ཟད། བསམ་པའི་འཇིག་རྟེན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་ཆེད་ལང་ཚོའི་སྟོབས་ཤུགས་གཅིག་སྡུད་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།