ཟླ4པའི་ཚེས30ཉིན་ནས་ཟླ5པའི་ཚེས6ཉིན་བར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དབྱུག་གྲུག་རུ་ཁག་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཀྱི་ངོས་ནས་ཀོས་ཀྲུའུ་ཞིང་ཆེན་གྱིས་བསྒྲུབས་པའི2026ལོའི་རྒྱལ་ཡོངས་ཀྱི་ལོ18ཅན་གྱི་ན་གཞོན་དབྱུག་གྲུག་འགྲན་སྡུར་རམ་རྒྱལ་ཡོངས་སློབ་འབྲིང་སློབ་མའི་དབྱུག་གྲུག་འགྲན་སྡུར་ལ་ཞུགས་པ་དང་། མཐོ་འབྲིང་ཚན་སྐོར་ཁྲོད་ཞིམ་མེད་ཀྱི་བློ་སྤོབས་དང་རྩལ་ནུས་མངོན་ནས་ཕུལ་བྱུང་ཚན་ཆུང་གི་ཨང་གཉིས་པའི་གྲུབ་འབྲས་བླངས་པ་དང་། མཚོ་སྔོན་ཞིང་ཆེན་དབྱུག་གྲུག་ལས་གཞིའི་རྒྱལ་ཡོངས་འགྲན་སྡུར་ཁྲོད་ཀྱི་ལོ་རྒྱུས་ཀྱི་འབྲས་རྟགས་ལེགས་ཤོས་བླངས་ནས་མཚོ་སྔོན་གྱི་ན་གཞོན་དབྱུག་གྲུག་ལུས་རྩལ་ངོས་ནས་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་བསྐྲུན།
ཐེངས་འདིའི་འགྲན་སྡུར་ཁྲོད་ཁྱོན་སྡོམ་རྒྱལ་ཡོངས་ཀྱི་རུ་ཁག་རྩེ་གྲ16ཞུགས་ཡོད་པ་དང་། འགྲན་སྡུར་གྱི་ཆུ་ཚད་ཧ་ཅང་མཐོ་ལ་འགྲན་རྩོད་ཛ་དྲག་ལྡན་པ་ཞིག་རེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དབྱུག་གྲུག་རུ་ཁག་དེ་ནུབ་བྱང་གི་ཞིང་ཆེན་ལྔ་ལས་ཐེངས་འདིའི་འགྲན་སྡུར་ཁྲོད་ཚུད་པའི་རུ་ཁག་གཅིག་པུ་ཡིན་པ་དང་རུ་མི་ཚང་མ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རྐྱང་རྐྱང་རེད། རྒྱང་རིང་བའི་མཐོ་སྒང་ས་ཁུལ་ཡོང་བའི་ཁོ་ཚོ་གཅིག་ལས་གཅིག་ལྷག་པའི་འགྲན་ཡའི་མདུན་དུ་འཇིགས་སྣང་སྤུ་ཙམ་མེད་པར་དཔའ་ངར་གྱིས་འགྲེངས་ཏེ་འགྲན་ར་ནས་ཡིད་ཆེས་ཀྱིས་ཕྱུག་པའི་རྣམ་འགྱུར་དང་གཅིག་རྒྱབ་གཅིག་གིས་གནོན་པའི་གཞོག་འདེགས། གྲུག་བརྒྱུད་གནད་དུ་ཁེལ་བ། གྲུག་རྡེག་ཤུགས་དང་ལྡན་པ་སྟེ། ལུས་ཀྱི་འགུལ་སྐྱོད་རེ་རེས་ཁོ་ཚོའི་སྲ་བརྟན་གྱི་རྨང་གཞི་དང་ཧུར་བརྩོན་གྱི་སྙིང་སྟོབས་མངོན་པར་བྱས། འགྲན་སྡུར་ཁྲོད་རུ་མི་ཚོས་འགྲན་ཡ་རེ་རེ་བཞིན་ཆམ་ལ་ཕབ་ནས་མཐར་ཨང་གཉིས་པའི་དཔའ་དར་ཐོབ་པ་དང་། རྒྱལ་ཡོངས་ཀྱི་གར་སྟེགས་སྟེང་རྔུལ་ཆུ་དགའ་བ་ལ་བསྲེས་པའི་ལང་ཚོའི་མཚར་སྡུག་མངོན་པར་བྱས།
དབྱུག་གྲུག་ཅེས་པའི་ལུས་རྩལ་འདི་སྔར་ནས་མཐོ་སྒང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཡོད་དེ། 2006ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོས་ཀྲུང་གོའི་མི་རིགས་རུ་ཁག་དང་པོ་བཙུགས་ནས་མཚོ་སྔོན་གྱི་དབྱུག་གྲུག་ལུས་རྩལ་གྱི་འཕེལ་རྒྱས་ལམ་ཁ་ངང་གིས་ཕྱེས། ལོ་ངོ་ཉི་ཤུའི་འབད་བརྩོན་བརྒྱུད་ད་ལྟའི་བར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དབྱུག་གྲུག་རུ་ཁག7དང་ལུས་རྩལ་པ890ལྷག་ཡོད་ལ། ན་གཞོན་དབྱུག་གྲུག་དེ་ས་གནས་མི་རྣམས་དགའ་མོས་ཆེ་བའི་ལུས་རྩལ་རིག་གནས་ཀྱི་ལས་གཞི་ཞིག་ཏུ་གྱུར་ཡོད་ཅིང་མཐོ་སྒང་གི་ན་གཞོན་གང་མང་ཞིག་གིས་དབྱུག་གྲུག་ལུས་རྩལ་བརྟེན་ནས་ལང་ཚོའི་གསོན་ཤུགས་མངོན་བཞིན་འདུག