ཟླ5པའི་ཚེས8ཉིན། “ཐེན་ཅིན་དང་མཚོ་སྔོན་གཉིས་ཀྱིས་ལག་གདང་སྦྲེལ་ཏེ། བློ་རིག་ལ་བརྟེན་ནས་ལམ་བུ་གསར་པ་བསྐྱོད་པའི”མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་མཐུད་ཚོགས་འདུ་ཐེན་ཅིན་དུ་བསྡུས། ས་གནས་གཉིས་ཀྱིས་རི་ཆུའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཡུལ་དངོས་སུ་གཅིག་སྡུད་སྒོས་གཙོ་གནད་ལས་གཞི8ལ་གན་རྒྱ་བཞག་པ་དང་། སྤྱིའི་མ་དངུལ་སྒོར་དུང་ཕྱུར6ཟིན་ནས་ཐོན་ལས་ཀྱི་ཐད་ཐེན་ཅིན་དང་མཚོ་སྔོན་གཉིས་ཀྱི་མཉམ་ལས་ཀྱི་ལམ་བུ་གསར་པ་གཏོད།
ཐེངས་འདིའི་བྱེད་སྒོར་ཐེན་ཅིན་གྱི་འབྲེལ་ཡོད་སྡེ་ཁག་དང་ཚོང་ཚོགས། ཁེ་ལས་འཐུས་མི་བཅས་མི120ལྷག་ཞུགས་ཡོད། གན་རྒྱ་འཇོག་པའི་རྣམ་གྲངས་ལ་གནས་བརྒལ་དཔལ་འབྱོར་དང་། ལྗང་མདོག་ཐཱན་ཉུང་། རིག་གནས་ཡུལ་སྐོར་མཉམ་འདྲེས། གཞི་གྲངས་ནུས་སྤྲོད། མཐོ་སྒང་གི་ཞིང་ལས་སོགས་གཙོ་གནད་མངའ་ཁོངས་ལ་ཁྱབ་པ་དང་། ཐེན་ཅིན་དཔལ་འབྱོར་གསར་སྤེལ་ཁུལ་དང་ཀྲུང་གོ་རྫས་འགྱུར་ཁོར་ཡུག་ཚན་རྩལ། པིན་ཧའེ་ཁུལ་གསར་རིག་གནས་དངུལ་གཏོང་སྡེ་ཚོགས་སོགས་ལས་ཁུངས་མང་པོ་ཞིག་གིས་རྨ་ལྷོ་ཁུལ་དང་མཉམ་ལས་གཏིང་ཟབ་བྱས་ཡོད། རྣམ་གྲངས་ལག་བསྟར་བྱས་རྗེས། སྔོན་དཔག་བྱས་ན་ལོ་རེར་རྨ་ལྷོ་ཁུལ་དུ་ཡུལ་སྐོར་བ་མི་ཐེངས་འབུམ་གཉིས་སྐྱེལ་ཐུབ་པ་དང་། ལོ་རེའི་ཡུལ་སྐོར་ཡོང་འབབ་སྒོར་བྱེ་བ་གསུམ་ཙམ་འཕར་རྒྱུར་སྐུལ་ཁྲིད་བྱེད་ཐུབ།
བྱེད་སྒོ་སྤེལ་ཡུལ་དུ་དངོས་སྒྲུབ་བྱེད་ཐབས་མང་པོ་སྤྱད་དེ། རྨ་ལྷོ་ཁལ་གྱིས་ཚོང་འགུགས་གཞུང་ཚབ8གདན་ཞུ་བྱས་ནས་སྤུས་ལེགས་རྣམ་གྲངས་མཐོ་སྒང་དུ་ལག་བསྟར་བྱ་རྒྱུར་རོགས་རམ་བྱས་པ་དང་། ཐེན་ཅིན་གྲོང་ཁྱེར་བཟོ་ལས་སྦྲེལ་དྲ་ཞིབ་འཇུག་གླིང་མཚོ་སྔོན་ཡན་ལག་ཁང་ལ་དངོས་སུ་སྒོ་བྱང་བཀལ་བ་དང་། ཐེན་ཅིན་དང་མཚོ་སྔོན་གྱི་གཞི་གྲངས་ཐོན་ལས་མཐུན་སྦྱོར་གྱི་གསར་གཏོད་སྟེགས་བུ་བསྐྲུན་ཏེ། གཞི་གྲངས་ཅན་ལ་བརྟེན་ནས་རྨ་ལྷོའི་ཐོན་སྐྱེད་ནུས་ཤུགས་གསར་པ་སྐྱེད་སྲིང་བྱེད་ཆེད་བློ་རིག་ཆེན་པོ་བསྣན་ཡོད། གཅེས་སེམས་རོགས་སྐྱོར་གྱི་རིམ་པར་ཐེན་ཅིན་པིན་ཧའེ་རླངས་འཁོར་བཟོ་སྐྲུན་ལས་རིགས་སློབ་གླིང་གིས་རྨ་ལྷོ་ཁུལ་སློབ་གསོ་ཅུས་ལ་ནུས་གསར་རླངས་འཁོར5ཞལ་འདེབས་སུ་ཕུལ་བ་དང་། ཐེན་ཅིན་དང་ཨེ་ཤེ་ཡ་གློག་རྡུལ་གྱིས་ཐེན་ཅིན་གསར་སྤེལ་ཁུལ་དགེ་སྒྲུབ་མཐུན་ཚོགས་དང་མཉམ་འབྲེལ་བྱས་ཏེ་གཅན་ཚ་རྫོང་ལ་རིན་ཐང་སྒོར་ས་ཡ་གཅིག་དང་འབུམ་གསུམ་ཁྲི་གསུམ་གྱི་གློག་སྒྲོན་ཡོ་བྱད་ཞལ་འདེབས་སུ་ཕུལ་བས། རྨ་ལྷོའི་སློབ་གསོ་དང་དམངས་འཚོ་ཇེ་ལེགས་སུ་འགྲོ་རྒྱུར་རོགས་རམ་བྱས།
རྨ་ལྷོ་ཁུལ་བཟོ་ལས་ཆ་འཕྲིན་དང་རིག་གནས་ཡུལ་སྐོར། ཞིང་ཕྱུགས་དེ་མིན་གཅན་ཚ་རྫོང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཡུལ་དངོས་སུ་སྐྱེ་ཁམས་ཀྱི་ཁྱད་ཆོས་དང་ཁྱད་ལྡན་ཞིང་ཕྱུགས། རིག་གནས་ཡུལ་སྐོར་ཐོན་ཁུངས་དང“རྨ་ཆུའི”ཡུལ་སྐོར་ཁུལ་གྱི་ལེགས་ཆ་ངོ་སྤྲོད་བྱས། ཐེན་ཅིན་གྱི་ཁེ་ལས་འཐུས་མིས་མཉམ་ལས་འཆར་འགོད་དང་ཡུལ་སྐོར་ལམ་ཐིག་རྩེ་གྲ་མཉམ་སྤྱོད་བྱས་ཏེ། ས་གནས་གཉིས་ཀྱི་འགྲུལ་རྒྱུན་ཕན་ཚུན་སྐྱེལ་རེས་དང་ཁྲོམ་རའི་སྦྲེལ་མཐུད་ཀྱི་ལམ་བུ་བཏོད།
ཐེན་ཅིན་དང་མཚོ་སྔོན་བར་ཁག་གཏད་སྐྱོར་བྱས་ནས་ལོ16འགོར་བ་དང་། ཐེན་ཅིན་གྱིས་མུ་མཐུད་དུ་རྨ་ལྷོ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་སྣོན་བཞིན་ཡོད། རྨ་ལྷོ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་བསྟན་དོན། རང་ས་གནས་ཀྱིས་དུས་འཁོར་ཧྲིལ་པོའི་ཞབས་ཞུ་འགན་སྲུང་ནན་མོ་བྱས་ཏེ། གན་རྒྱ་བཞག་པའི་རྣམ་གྲངས་སྔ་མོ་ནས་འགོ་རྩོམ་པ་དང་སྔ་མོ་ནས་ཐོན་སྐྱེད་བྱ་རྒྱུར་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་ཐེན་ཅིན་དང་མཚོ་སྔོན་མཉམ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབད་བརྩོན་གྱིས་འབྲི་རྒྱུ་ཡིན་ཟེར།