མཚོ་སྔོན་གྱིས་ཞིང་ཆེན་རིམ་པའི་འཕྲལ་བསྟུན་ཉེན་གཡོལ་གནས་ཡུལ་དོ་དམ་བྱེད་ཐབས་བཏོན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ5པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་འཕྲལ་བསྟུན་ཉེན་གཡོལ་གནས་ཡུལ་དོ་དམ་བྱེད་ཐབས་པར་འགྲེམ་བྱས། བྱེད་ཐབས་འདི་ནི་རྒྱལ་ཡོངས་ཀྱི་འཕྲལ་བསྟུན་ཉེན་གཡོལ་གནས་ཡུལ་ཕྱོགས་བསྡུས་དོ་དམ་ཡིག་ཆ་གསུམ་པ་དང་ནུབ་བྱང་གི་ཞིང་ཆེན་རིམ་པའི་འཕྲལ་བསྟུན་ཉེན་གཡོལ་གནས་ཡུལ་ཕྱོགས་བསྡུས་དོ་དམ་ཡིག་ཆ་ཐོག་མ་ཡིན་པའི་ཆ་ནས། ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་གནོད་འགོག་གནོད་སེལ་རྒུད་སྐྱོབ་ནུས་པ་སྔར་ལས་མཐོར་འདེགས་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་ནན་མོ་བྱ་ཆེད་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ཡུན་རིང་གི་མཛུབ་སྟོན་ནུས་པ་ལྡན།

ནུབ་བྱང་གི་ཞིང་ཆེན་རིམ་པའི་ཆེད་དམིགས་དོ་དམ་བྱེད་ཐབས་ཐོག་མ་ཡིན་པའི་ཆ་ནས། ས་ཡོམ་དང་ཆུ་ལོག ས་གཤིས་གནོད་འཚེ་སོགས་ཐོ་བྱུང་དོན་རྐྱེན་མང་པོ་བེད་སྤྱོད་ཁྱབ་ཁོངས་སུ་འཇོག་པ་དང་། ཞིང་ཆེན་ཡོངས་ཀྱི་གནོད་འཚེའི་རིགས་མང་པོ་དང་བརྒྱུད་རིམ་ཧྲིལ་བོ། རིམ་པ་ལྔའི་མཉམ་འགུལ་བཅས་ཀྱི་འཕྲལ་བསྟུན་ཉེན་གཡོལ་གནས་ཡུལ་དོ་དམ་མ་ལག་བསྐྲུན་རྒྱུ་གཏན་འཁེལ་གསལ་བོ་བྱས་ཡོད།

རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་བྱེད་ཐབས་མང་པོའི་ཁྲོད། སྡེ་བ་རིམ་པའི་འཕྲལ་བསྟུན་ཉེན་གཡོལ་གནས་ཡུལ་གྱི་ཁྲིམས་བཅད་གོ་གནས་ཆེས་ཐོག་མར་གཏན་འཁེལ་གསལ་བོ་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་ཆེན་རིམ་པ་དང་། གྲོང་ཁྱེར་དང་ཁུལ་རིམ་པ། རྫོང་རིམ་པ། ཞང་དང་གྲོང་རྡལ་རིམ་པ། སྡེ་བ་རིམ་པ་བཅས་རིམ་པ་ལྔའི་དོ་དམ་བྱེད་ཐབས་དབྱེ་འབྱེད་བྱས་ལ། ཁང་པའི་ནང་དང་ཁང་པའི་ཕྱིའི་གནས་ཡུལ་གཉིས་ལ་ཁེབས་པར་མ་ཟད།  ཚད་འགྱུར་སྲ་གཤིས་དམིགས་ཚད་གཏན་འཁེལ་གསལ་བོ་བྱས་ཏེ། ཉེན་གཡོལ་གནས་ཡུལ་ཕྱོགས་ཡོངས་ལ་ཁེབས་པ་དང་མང་ཚོགས་ཀྱི་ཉེན་གཡོལ་དགོས་མཁོ་དང་འཚམ་པར་ཁག་ཐེག་བྱས།

མཚོ་བོད་མཐོ་སྒང་གི་དམིགས་བསལ་གྱི་ས་གཤིས་དང་ནམ་ཟླའི་ཁྱད་ཆོས་ལ་ཟུང་འབྲེལ་བྱས་ཏེ། གནོད་འགོག་གནོད་སེལ་གྱི་སྒྲིག་ཆས་དང་། ནད་ཡམས་སྔོན་འགོག མཁའ་སྲུང་། རིག་གནས་ཡུལ་སྐོར་ལུས་རྩལ་སོགས་སྤྱི་བའི་སྒྲིག་ཆས་མཉམ་འདྲེས་མཉམ་སྐུལ་ལ་སྐུལ་འདེད་བཏང་ནས། ཡང་བསྐྱར་འཛུགས་སྐྲུན་ལ་གཡོལ་ཐབས་བྱས། ས་གནས་འདེམ་སྐབས་ཆུ་ལོག་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད། ས་འཁྱགས་བཅས་ལ་གཡོལ་བའི་རྩ་དོན་བརྩི་སྲུང་བྱས་ཤིང་། དྲོད་འདོན་པ་དང་རླུང་འགོག་པ་སོགས་མཐོ་གྲང་ལ་འཚམ་པའི་སྒྲིག་ཆས་བཀོད་སྒྲིག་བྱས་ལ། ཐད་འཕུར་གནམ་གྲུ་འབབ་ས་སོགས་མཐོ་སྒང་གི་འཕྲལ་བསྟུན་སྐྱེལ་བསུའི་སྒྲིག་ཆས་གསར་དུ་ཁ་སྣོན་བྱས་ཏེ། མཚོ་འཕགས་མཐོ་སའི་ཁུལ་གྱི་ཉེན་གཡོལ་འགན་སྲུང་གི་དཀའ་གནད་ནུས་ལྡན་གྱི་སེལ།

རིམ་པ་གསུམ་གྱི་ནོར་སྲིད་འགན་སྲུང་དང་སྤྱི་ཚོགས་ཟབ་ཞུགས་མཉམ་འདྲེས་རྣམ་པའི་འགྲོ་གྲོན་འགན་སྲུང་རྐྱེན་སྲོལ་བཙུགས་པ་དང་། ཐོན་དབང་ལས་ཁུངས་ཀྱི་ཉིན་རྒྱུན་དོ་སྲུང་གི་འགན་འཁྲི་གཙོ་བོ་གཏན་འཁེལ་གསལ་བོ་བྱས་ཤིང་། སྲིད་གཞུང་གིས་གསོག་ཉར་དང་ཁྲོམ་རའི་གྲོས་ཆོད་གསོག་འཇོག གནས་ཡུལ་རང་གིས་གསོག་འཇོག་བྱེད་པ་བཅས་གནས་གསུམ་གཞི་གཅིག་གི་དངོས་རྒྱུ་གསོག་འཇོག་རྣམ་པ་བསྐྲུན་པ་དང་། འཛུགས་སྐྲུན་བྱས་རྗེས་དོ་དམ་མི་བྱེད་པ་དང་གསོག་འཇོག་བྱས་ནས་བེད་སྤྱོད་མི་བྱེད་པའི་གནད་དོན་རྩ་བ་ནས་བཀག་འགོག་བྱས་ནས། འཕྲལ་བསྟུན་ཉེན་གཡོལ་གནས་ཡུལ་སྐབས་བསྟུན་བེད་སྤྱོད་དང་ནུས་མཐོའི་འཁོར་སྐྱོད་ཐུབ་པར་ཁག་ཐེག་བྱས།

ཛ་དྲག་གི་གནས་ཚུལ་འོག སྔོན་ལ་བེད་སྤྱོད་དང་རྗེས་སུ་ཡར་ཞུ་བྱེད་པའི་དབང་བཅོལ་རྐྱེན་སྲོལ་ལག་བསྟར་བྱས་པ་དང་། གནས་སྐབས་ཀྱི་ཉེན་གཡོལ་གནས་ཡུལ་བེད་སྤྱོད་ཚད་གཞི་དང་ཁ་གསབ་བྱེད་ཐབས་གཏན་འཁེལ་གསལ་བོ་བྱས་ཤིང་། ཞིང་ཆེན་ཡོངས་གཅིག་གྱུར་གྱི་འཕྲལ་བསྟུན་ཉེན་གཡོལ་གནས་ཡུལ་གྱི་གཞི་གྲངས་མཛོད་བསྐྲུན་པར་མ་ཟད་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱས་པ་དང་། འགྲིམ་འགྲུལ་ལྟེ་བ་དང་སྡོད་དམངས་ཁུལ་གྱི་ཉེན་གཡོལ་ཁྲིད་སྟོན་མ་ལག་འཐུས་ཚང་དུ་བཏང་སྟེ། མཚོ་སྔོན་གྱི་རྒྱང་རིང་ལུང་ཁུག་ས་ཁུལ་གྱི་འཕྲལ་བསྟུན་དང་ལེན་དུས་ཡུན་དང་མང་ཚོགས་འགྲེམ་གཏོང་དགོས་མཁོ་གནད་འཁེལ་གྱིས་སྐོང་ཐུབ་པར་བྱས།

བྱེད་ཐབས་དེ་དངོས་སུ་བཏོན་པས། རང་ཞིང་གི་འཕྲལ་བསྟུན་ཉེན་གཡོལ་གནས་ཡུལ་འཆར་འགོད་དང་འཛུགས་སྐྲུན། དོ་དམ་དང་བེད་སྤྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོ་སྔར་ལས་ཚད་ལྡན་དུ་བཏང་བ་དང་། གློ་བུར་དོན་རྐྱེན་མི་འདྲ་བའི་ཉེན་ཁ་འགོག་སེལ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ། མཐོ་སྒང་གི་བདེ་འཇགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ལ་ལམ་ལུགས་ཀྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།