ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ5པའི་ཚེས8ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་། འབྲེལ་ཡོད་དོན་དག་གི་ཡར་ཞུར་ཉན་པར་མ་ཟད་གྲོས་ཞིབ་བྱས།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་ཞུང་ཨན་ཁུལ་གསར་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན། རྒྱལ་ཡོངས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མོ་སང་པི་ཁེའི་སྲིད་འཛིན་ཁྲ་པའོ་ལ་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་པའི་རྒྱབ་ལོགས་ཀྱི་བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་དང་འཛུགས་སྐྲུན་གྱི་བསམ་བློ་ལ་གོ་བ་ཟབ་མོ་ལེན་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་ལ་རྐང་འཛུགས་པ། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་གནས་བབ་དང་དམ་པོར་སྦྲེལ་བ་དང་། གནད་ལ་འཁེལ་བའི་སྒོ་ནས་སྲིད་ཞུགས་སྲིད་གླེང་དང་། རྒྱ་ཁྱབ་ངང་ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ཏེ། སྤུས་ཚད་མཐོ་བའི་སྲིད་གྲོས་ཀྱི་འགན་སྒྲུབ་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་དགོས། ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་གནས་བབ་དང་གོ་སྐབས་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ་དང་། ད་ལོའི་གཙོ་གནད་གྲོས་མོལ་དང་ཟུང་འབྲེལ་བྱས་ནས་སྐྱེ་ཁམས་ཡུལ་སྐོར་དང་། མཐོ་སྒང་ཁམས་གསོ། ལྗང་མདོག་རྩིས་གློག་དང་། ཚྭ་མཚོའི་ཐོན་ཁུངས་སོགས་ཁྱད་ལྡན་ཐོན་ལས་ལ་དམིགས་ནས་འགན་སྒྲུབ་ཧུར་ཐག་བྱས་ཏེ། མཚོ་སྔོན་གྱི་ཞབས་ཞུའི་ལས་རིགས་ཀྱི་སྤུས་འདེགས་ནུས་སྤེལ་ལ་རོགས་ཤུགས་འདོན་དགོས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྲིད་གྲོས་ཀྱི་ཐབས་ལམ་དང་སྟེགས་བུའི་ནུས་པ་འདོན་སྤེལ་བྱེད་པ་དང་། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་པ། ཕྱི་ཕྱོགས་བརྗེ་རེས་ལ་བརྟེན་ནས། མཚོ་སྔོན་གྱི་འཕེལ་རྒྱས་གཏམ་རྒྱུད་ལེགས་པོར་བཤད་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ནས་མཚོ་སྔོན་གྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་རོགས་འདེགས་བྱེད་དགོས།

ཚོགས་འདུའི་སྟེང་ཞིང་ཆེན་སྲིད་གྲོས་ཀྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་། གནད་དོན་གྱི་གསལ་ཐོ་དང་བཅོས་སྒྲིག་དག་ཐེར་རྩིས་ཁྲའི་འགུལ་རྣམ་གསར་སྒྱུར་གནས་ཚུལ་ལ་གྲོས་ཞིབ་བྱས། ཚོགས་འདུ་ལས་བསྟན་དོན། ལྟེ་བ་དང་ཁྱོན་ཡོངས་ལ་དམིགས་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཕྱོགས་ཡོངས་ནས་འགན་སྒྲུབ་ཕན་འབྲས་སུ་བསྒྱུར་བ་དང་། འགན་སྒྲུབ་ཀྱི་སྤུས་ཚད་མངོན་པར་བྱེད་པ། ཐབས་འདོན་ཇུས་འབུལ་དངོས་གཉེར་གནད་འཁེལ་བྱེད་པ། དམངས་གཙོའི་ལྟ་སྐུལ་གཟབ་ནན་ཡིན་པ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བཅས་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་ཞིབ་བཤེར་གསལ་ཐོར་འགུལ་རྣམ་གསར་སྒྱུར་བྱེད་པ། གཞན་ལ་མི་སྒུག་པ་དང་མི་བརྟེན་པ། འཕྲལ་སྒྲུབ་འཕྲལ་བཅོས་བྱས་ཏེ། དངོས་གནས་ཞིབ་བཤེར་དང་དངོས་གནས་བཅོས་སྒྲིག་བྱེད་པའི་ཁྲོད་བསམ་བློའི་ཕྱོགས་འཛོལ་ཡོ་བསྲང་བྱེད་པ་དང་། སློབ་སྦྱོང་སློབ་གསོ་ཕྱི་ཚུལ་ཙམ་ཡིན་པ་དང་རྣམ་པ་ཙམ་སྟོན་པ་སྔོན་འགོག་བྱེད་དགོས། ཡུན་ཕན་ཡུན་བཅོས་ལ་དོ་སྣང་བྱས་ཏེ། དག་ཐེར་ལེགས་བཅོས་ཁྲོད་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ལམ་ལུགས་ཀྱི་ཚད་གཞི་དེ་འགན་འཁྲི་སྒྲུབ་པའི་རིམ་པ་སོ་སོར་དོན་འཁྱོལ་བྱས་ནས། ཚད་ལྡན་ཅན་དང་ཚད་གཞི་ཅན། ལམ་ལུགས་ཅན་གྱི་འཛུགས་སྐྲུན་ཆུ་ཚད་སྔར་ལས་མཐོ་རུ་གཏོང་དགོས། སྤྱོད་ཚུལ་དང་སྒྲིག་ཁྲིམས་ནན་སྲུང་བྱས་ཏེ། ཕྱི་ཚུལ་རིང་ལུགས་སྤོང་དགོས་པ་དང་། སྒོ་འབྱེད་རང་བཞིན་གྱི་སློབ་གསོ་སྤེལ་བ་རྒྱུན་འཁྱོངས་བྱེད་པ། རང་འགུལ་ངང་ལྟ་སྐུལ་དང་ལེན་བྱེད་པ། བདེན་འཚོལ་དངོས་སྒྲུབ་དང་ཁག་ཁུར་དངོས་སྒྲུབ་ཀྱི་རྣམ་པ་བཟང་པོ་བསྐྲུན་དགོས།

ཚོགས་འདུའི་སྟེང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞི་གལ་ཆེན་འདེམས་སྒྲུག་བྱས་ཚུལ་སོགས་ཀྱི་འབྲེལ་ཡོད་སྙན་ཞུ་དང་། ཇུས་གཞི་ལ་གྲོས་ཞིབ་བྱས་པ་དང་། 《མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི2026ལོའི་ཁྲིམས་འཛུགས་གྲོས་མོལ་འཆར་གཞི(འཆར་ཟིན)》ལ་གྲོས་ཞིབ་བྱས་པར་མ་ཟད། འབྲེལ་ཡོད་མི་དོན་བྱ་བར་གྲོས་ཞིབ་བྱས། 

རིན་ཆེན་རྣམ་རྒྱལ་དང་། ཁོང་ཡུང་། ཀྲང་ཞའོ་རུང་། ཐེན་ཁུའེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་། ཅིན་ཧྲེང་ཧྲིག ཀྲོའུ་ཞང་ཏུང་བཅས་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།