ཟླ5པའི་ཚེས8ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་ཟླ4པའི་ཚེས28ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པའི་བཞུགས་མོལ་ཚོགས་འདུ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་ལྔ་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། “དབྱི་ཝུའུ་འཕེལ་རྒྱས་ཉམས་མྱོང”ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་གླེང་སྟེགས་ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་བྱས། གྲོས་ཚོགས་ལས་ཏང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་གནས་བབ་ཀྱི་གཞི་རྩའི་གནས་ཚུལ་ལ་བརྡར་ཤ་བཅད་པ་དེ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་ཀྲུང་དབྱང་གི་བླང་བྱ་གལ་ཆེན་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་དུ་བསྒྱུར་ཏེ། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་དངོས་འབེབ་འགན་སྲུང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྨང་གཞིའི་ཞིབ་འཇུག་གི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། “མཐོ་ས”དང“གནས་བཞི།” ལིན་ཧུའུ་གནམ་རིག མཐོ་སྒང་གི་གསོ་རིག མཐོ་སྒང་གི་སོན་ལས་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་གྲུབ་འབྲས་དེ་ངེས་པ་དོན་གྱི་ཕན་འབྲས་སུ་བསྒྱུར་དགོས། དོན་རྐྱེན་མ་བྱུང་གོང་གི་སྔོན་འགོག་དང་འགག་སྒོ་སྔོན་ལ་སྤོ་བ་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་ཆེན་པོ་དང་འཕྲལ་བསྟུན་ཆེན་པོའི་སྒྲོམ་གཞིའི་འོག་གི་འཕྲལ་བསྟུན་བཀོད་འདོམས་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། འཕྲལ་བསྟུན་དོ་དམ་དང་རང་བྱུང་གནོད་འཚེའི་ཐག་གཅོད་ནུས་པ་ཆེ་རུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་རྫོང་ཁོངས་ཀྱི་འགྲན་ལམ་འཚོལ་ཞིབ་བྱེད་པ་དང་། བཅོས་སྒྱུར་གྱི་གསོན་ཤུགས་མུ་མཐུད་དུ་སྐུལ་སྤེལ་བྱས་ནས་སྒྲིག་སྲོལ་དང་རྐྱེན་སྲོལ་གྱི་འགོག་རྐྱེན་མེད་པར་བཟོ་བ། གཙོ་ཁྲིད་ཐོན་ལས་སྤུས་ལེགས་དང་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། “མཚོ་སྔོན་རྟགས་ཅན”གྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་དགོས། བློ་བརྟན་འགྱུར་མེད་སྒོས“རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག”པའི་འདུ་ཤེས་ལག་བསྟར་བྱེད་མཁན་རྣམ་དག་ཅིག་བྱེད་པ་དང་། མཐོ་སྒང་གི་ཐོན་ཁུངས་ཀྱི་ནུས་རྒྱུའི་ལེགས་ཆ་འདོན་སྤེལ་བྱས་ཏེ། ལྗང་མདོག་ཚུལ་སྒྱུར་གྱི་ཕྱི་ཕྱོགས་བརྗེ་རེས་དང་མཉམ་ལས་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་ཆེར་གཏོང་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་ཁྲང་ཧྲ་ལིའུ་དབྱང་གྲོང་ཁྱེར་གྱི་ཤོག་སྦག་བཟོ་གྲྭ་ཞིག་གི་འབར་གས་དོན་རྐྱེན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བདེ་འཇགས་འགན་ལེན་དང་བརྟན་བརླིང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས། ཤོག་སྦག་དང་ཉེན་ཁའི་རྫས་འགྱུར་དངོས་རྫས་སོགས་ཉེན་ཆེའི་ལས་རིགས་ལ་དམིགས་ཏེ་ཁྱོན་ཡོངས་ལ་ཁྱབ་པ་དང་། དམིགས་འཛུགས་རྣམ་པའི་གྲལ་བཤེར་ཆེན་པོ་བྱས་ཏེ། ཞོད་འགོག་སྐབས་ཀྱི་རང་བྱུང་གནོད་འཚེའི་སྔོན་ཚུད་ཉེན་བརྡ་ལྟ་ཞིབ་ཚད་ལེན་གྱི་འགོག་ཟོན་ལ་ཤུགས་བསྣན་ནས། “རྟག་ཏུ་བློ་བདེ་ལ་བབས་ནས་མི་སྡོད་པ་དང་བྱ་བ་ཚང་མར་སེམས་སུ་གྲ་སྒྲིག་ཡོད་པའི”འགན་འཁྲི་ཁུར་སེམས་དང་འགུལ་སྐྱོད་ནུས་ཤུགས་ལ་བརྟེན་ནས་བདེ་འཇགས་ཀྱི་ཚད་མཐའ་སྲུང་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་དག་ཐེར་བྱ་བའི་བཀོད་གཏོང་ཚོགས་འདུའི་དགོངས་དོན་དངོས་འབེབས་ནན་མོ་བྱེད་པ་དང་། ལྟ་སྐུལ་མཛུབ་ཁྲིད་དང་བྱ་བའི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ། བཀོད་གཏོང་ཐེངས་གྲངས་དང་ཤུགས་ཚད། ཚད་གཞི་བཅས་མཐོར་འདེགས་སུ་གཏོང་བ། མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་འོས་འཚམ་གྱིས་ཐག་གཅོད་པ། རྒྱུན་རྣམ་ཡུན་ཕན་གྱི་ལྟ་སྐུལ་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། གཅིག་སྡུད་དག་ཐེར་བྱ་བར་ཕན་འབྲས་སྔར་ལས་ཐོབ་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་ལས་དམངས་གཙོའི་ཏང་ཁག་གི་ཀྲུང་དབྱང་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམངས་གཙོའི་ལྟ་སྐུལ་སྤྱི་སྡོམ་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམངས་གཙོའི་ལྟ་སྐུལ་བྱ་བ་སྤེལ་འགོ་རྩོམ་པའི་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། དམངས་གཙོའི་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལམ་ལུགས་ཀྱི་ཁྱད་སྟོབས་དེ་བཅོས་སྐྱོང་གི་ཁྱད་སྟོབས་སུ་བསྒྱུར་ནས། རང་ཞིང་གི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པ་རུ་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
གྲོས་ཚོགས་ལས2025ལོའི་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་ཆ་འཕྲིན་བྱ་བ་དང་ཞིང་ཆེན་ཡོངས་ཀྱི་གཞི་གཅིག་ཅན་གྱི་དྲ་རྒྱའི་འཕྲལ་བསྟུན་བཀོད་འདོམས་མ་ལག་འཛུགས་སྐྱོང་བྱ་བའི་འཕེལ་རིམ་གནས་ཚུལ་གྱི་སྙན་ཞུར་ཉན། གྲོས་ཚོགས་ལས་ཏང་གིས་དྲ་རྒྱའི་ཆ་འཕྲིན་བྱ་བར་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲ་རྒྱའི་ཆ་འཕྲིན་ལྟ་ཞིབ་ཚད་ལེན་སྔོན་ཚུད་ཉེན་བརྡ་དང་དབྱེ་ཞིབ་ཞིབ་འཇུག་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་གཅིག་ཅན་གྱི་དྲ་རྒྱའི་འཕྲལ་བསྟུན་བཀོད་འདོམས་མ་ལག་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། དྲ་རྒྱའི་དོ་དམ་དང་དྲ་རྒྱ་བཅོས་སྐྱོང་། དྲ་རྒྱ་བེད་སྤྱོད་བཅས་ཀྱི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་ཀྲུང་དབྱང་གཞུང་སྒྲུབ་ཐིང་གི《ཏང་ཨུ་དང་ཏང་ཙུའུ་ཡིས་འོག་རིམ་ཏང་རྩ་འཛུགས་ཀྱི“འགོ་གཙོ་དང་པོར”ལྟ་སྐུལ་གླེང་མོལ་བྱ་བ་སྤེལ་བའི་བྱེད་ཐབས》སློབ་སྦྱོང་བྱས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་དང་ཁྱད་པར་དུ“འགོ་གཙོ་དང་པོའི”ལྟ་སྐུལ་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་བྱས་ཏེ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། 《བྱེད་ཐབས》ཀྱི་བླང་བྱར་གཟབ་ནན་གྱིས་ཞིབ་བསྡུར་ནན་མོ་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ལྟ་སྐུལ་གླེང་མོལ་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་ད་དུང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།