
ཉེ་ལམ་ནང་ལོགས་ཀྱི་ཀུའེ་ཀྲོའུ་ཙུན་དབྱི་གྲོང་ཁྱེར་གྱི་གྲོང་མི་ཞིག་ལ་གསར་འགོད་པས་བཅར་འདྲི་བྱེད་དུས་ཁོ་རང་ཁྱིམ་གྱི་འབོལ་ཁྲིར་བསྡད་དེ་གློག་གསོག་ཞོར་དུ་ཁ་པར་ལ་ལྟ་སྐབས་གློག་གིས་བརྒྱབ་པའི་བརྒྱུད་རིམ་བརྗོད་བྱུང་། སྟབས་ལེགས་པ་ཞིག་ལ་ཁོའི་ཁྱིམ་མིའི་ཚུལ་དེ་མཐོང་སྟེ་ལམ་སེང་གློག་སྐུད་ཕྱུང་བས་ད་གཟོད་རང་སྲོག་རྟ་རྔ་འདྲ་བོ་ཕྱིར་མཐུད་ཐུབ་ཡོད་པ་རེད།

ཉིན་འགའི་སྔོན་ལ་ཙུན་དབྱིའི་གྲོང་མི་སུན་ཆེ་གེ་མོས་བཅར་འདྲི་ལ་དང་ལེན་བྱེད་སྐབས་ཁོས་གློག་གསོག་ཞོར་ཏུ་ཁ་པར་ལ་བལྟས་ནས་སྡོད་སྐབས། གློ་བུར་དུ་ཁ་པར“མགོ་ནང་ལ་ཤོར་པ”ལྟ་བུའི་ཚོར་བ་དྲག་པོ་ཞིག་བྱུང་རྗེས། ལུས་ཡོངས་ཧྲེངས་པོར་གྱུར་ནས་དབང་བོར་ཚོད་འཛིན་བྱེད་ཐབས་བྲལ་ལ། ཐ་ན་ངག་བསྡམས་ཏེ་སྐད་འབོད་ཀྱང་རྒྱག་ཐབས་མེད་པར་གྱུར། སྟབས་ལེགས་པ་ཞིག་ལ། ཁྱིམ་དུ་ཡོད་པའི་ནང་མིས་ཚུལ་དེ་མཐོང་མ་ཐག་མྱུར་བ་མྱུར་དུ་གློག་གསོག་ཆས་ཕྱིར་ཕྱུང་བ་དང་སྦྲགས་གློག་སྒོ་བཅད་རྗེས། འཕྲལ་མར་སྨན་ཁང་དུ་བསྐྱལ་བ་ཡིན་ཟེར། སྐབས་དེར་ཁོས་ཁ་ཤ་དང་ལྕེ་ཡོངས་ཁྲག་གིས་བརྫིས་ཏེ་རྣམ་རིག་མི་གསལ་བ་རེད།

སུན་ཆེ་གེ་མོས་ཕྱིར་དྲན་གྱི་ངང་ནས་བཤད་རྒྱུར། སྐབས་དེར་ཁོས་སྤྱད་པའི་གློག་གསོག་ཆས་དེ་ཁ་པར་རང་གི་གློག་གསོག་ཆས་མ་ཡིན་པར་གཞན་ཞིག་སྤྱད་པ་ཡིན། ཀུན་ལ་ཞུ་རྒྱུ་ཞིག་ནི། རབ་ཡིན་ན་རྒྱུ་སྤུས་མི་བཟང་བའི་གློག་གསོག་ཆས་མི་སྤྱོད་པར་མཁྱེན། སྤྱོད་ན་ཡང་ཁ་པར་རང་ངོས་ཀྱི་གློག་གསོག་ཆས་སྤྱད་ན་བཟང་བ་མ་ཟད། གློག་གསོག་ཞོར་དུ་ཁ་པར་ལ་མ་བལྟས་ན་བཟང་ཞེས་ཁོ་རང་སྟེང་གི་སྐྱི་ཡ་བའི་བསླབ་བྱ་དཔེ་རུ་དྲངས་ནས་ཀུན་ལ་དེ་ལྟར་བྱ་མི་རིགས་པའི་འབོད་སྐུལ་བརྒྱབ་ཡོད་པ་རེད།
གློག་གསོག་ཞོར་ཏུ་ཁ་པར་ལ་ལྟ་བའི་གོམས་གཤིས་དེ་མི་མང་ཆེ་ཤོས་ལ་ཡོད་མོད། དེ་འབྲེལ་གྱི་བསམ་ཡུལ་ལ་འདས་པའི་དོན་རྐྱེན་བྱུང་ཡང་གཅིག་གཉིས་ཙམ་མིན།

དེ་བཞིན་དུ་ཡང་ས་ཆ་དེ་གར། 2025ལོའི་ཟླ4ཚེས12ཉིན་བཟའ་མི་གང་བོ་སྒོའི་ཕྱིར་འབུད་སྐབས་ཁྱིམ་གྱི་གློག་གསོག་ཆས་མ་ཕྱུང་བར་བསྐྱུར་པས། གློག་གསོག་ཆས་ཆག་སྐྱོན་བྱུང་བ་ལ་བརྟེན་མེ་སྐྱོན་གྱི་ཆག་སྒོ་ཆེན་པོ་བསླངས། ཁང་པ་ཧྲིལ་བོར་སྲེག་རོ་ལས་ལྷག་མེད་པར་མ་ཟད། ཐོག་སོ་འོག་མའི་ཁྱིམ་ཚང་གི་གྱོང་གུན་ཡོད་ཚད་ཀྱང་ཚབ་དགོས་པ་རེད།

དེ་སྔ་བསྒྲགས་པའི་གསར་འགྱུར་ཞིག་ལ། ཀྲེ་ཅང་གི་བྱིས་པ་ཞིག་གིས་རང་ཁྱིམ་དུ་གློག་གསོག་ཞོར་ཏུ་ཁ་པར་ལ་རྩེ་དུས། གློག་བུར་དུ་གློག་གིས་བརྒྱབ་ནས་དེ་མ་ཉིད་འབོལ་ཁྲིར་འགྱེལ་ཞིང་། སྐད་བརྒྱབ་པས་གམ་གྱི་ཨ་མྱེས་ཀྱིས་ཐོས་ཏེ་ལམ་སེང་ཁ་པར་གྱི་གློག་སྐུད་ཚུར་ཕྱུང་། དོན་རྐྱེན་བྱུང་རྗེས་ཕ་མ་གཉིས་ཀྱིས་བཤད་པ་ལྟར་ན། བུ་ཕྲུག་གི་རྐང་ལག་ཚང་མ་སྐྲངས་པོ་ཆགས་འདུག་ཟེར།
གློག་གསོག་ཞོར་ཏུ་ཁ་པར་ལ་རྩེ་མི་རུང་བའི་རྒྱུ་མཚན།
གློག་གསོག་ཞོར་ཏུ་ཁ་པར་ལ་རྩེ་སྐབས། གློག་གསོག་ཆས་ཀྱི་གློག་རྒྱུན་གྱི་ཆ་ཤས་ཤིག་ཁ་པར་ནང་གསོག་པ་དང་། ཆ་ཤས་ཤིག་གིས་རྒྱུན་ལྡན་བཀོལ་སྤྱོད་ཀྱི་རེ་བ་སྐོང་གྱིན་ཡོད་པས། གལ་ཏེ་གློག་གསོག་ཆས་ཀྱི་རྒྱུ་སྤུས་ངན་པ་དང་། ཡང་ན་ཁ་པར་གྱི་ལྷུ་ལག་ཟད་པ་ལ་སོགས་སྐྱོན་ལྡན་ཚེ། གློག་ཕྱིར་ཤོར་ནས་བཀོལ་སྤྱོད་བྱེད་མཁན་ལ་གློག་རྒྱག་པའི་ཉེན་ཁ་ཧ་ཅང་ཆེ།
གཞན་གློག་གསོག་ཞོར་ཏུ་ཁ་པར་ལ་བལྟས་ན་ཁ་པར་མྱུར་དུ་ཚ་སྲེག་ཐེབས་སླ་པས། གློག་གསོག་དུས་རབ་ཡིན་ན་ཁ་པར་ལ་མི་ལྟ་ཞིང་ཁ་བརྡ་མི་བྱེད་པར་རང་སར་བསྐྱར་ན་བདེ་འཇགས་ལ་ཕན།

འཚོ་བའི་ཁྲོད་དུ་ཁ་པར་ལ་གློག་གསོག་དུས་གཤམ་གྱི་གནས་ཚུལ་འདི་དག་ཡོད་ན་ངེས་པར་དུ་དོགས་ཟོན་གྱིས།
ཁ་པར་ཚ་སྲེག་ཐེབས་པ།
ཁ་པར་མང་པོ་ཞིག་ལ་དོན་རྐྱེན་བྱུང་དུས། ཚང་མར་སྔོན་ལ་ཁ་པར་ཚ་སྲེག་ཐེབས་པའི་སྣང་ཚུལ་བྱུང་བཞིན་ཡོད། ཁ་པར་ལ་གློག་གསོག་དུས་གལ་ཏེ་ཚ་བོར་ཆགས་ཚུལ་རྒྱུན་ལྡན་མིན་ཚེ། ལམ་སེང་གློག་གསོག་མཚམས་འཇོག་དགོས་པ་མ་ཟད། ཁ་པར་ཁ་ཟུམ་སྟེ་འཁྱགས་ཚད་རྒྱུན་ལྡན་དུ་འགྱུར་རག་བར་འཇོག་དགོས།
གློག་སྐུད་ལ་ཆག་སྐྱོན་བྱུང་བ།
གློག་སྐུད་རྙིང་ཧྲུལ་ཏུ་གྱུར་བའམ་ཡང་ན་སྐྱོན་ཤོར་ཡོད་ཚེ་གློག་ལམ་རྒྱུན་ལྡན་མིན་པའི་སྣང་ཚུལ་འབྱུང་སླ་བས་མེ་སྐྱོན་སློང་བའི་ཉེན་ཁ་ཧ་ཅང་ཆེ། དེ་བཞིན་གློག་སྐུད་ཀྱི་ཕྱི་ཤུན་ཟད་པའམ་གས་པ་སོགས་ཀྱི་དབང་གིས་ནང་རོལ་གྱི་ཟངས་སྐུད་ཕྱིར་མངོན་པའི་སྣང་ཚུལ་ཡོད་ན། གློག་ཕྱིར་ཤོར་པའི་ཉེན་ཁ་འབྱུང་སྲིད་པས། སྣང་ཆུང་བྱས་ནས་སྤྱོད་ཐུབ་ཙམ་མི་བྱེད་པར་སྔ་མོ་ནས་གསར་པ་བརྗེ་ན་ལེགས།
གློག་སྨན་ལ་སྐྱོན་བྱུང་བ།
ད་ལྟ་ཁ་པར་མང་ཤོས་ནང་གློག་སྨན་བཞག་ཡོད། གལ་ཏེ་གློག་གསོག་མི་ཐུབ་དུས། གློག་གསོག་ཆས་ལ་སྐྱོན་བྱུང་མེད་པ་ཐག་གིས་ཆོད་ན། ཕལ་ཆེར་ཁ་པར་གྱི་གློག་སྨན་ལ་སྐྱོན་བྱུང་བ་ཤས་ཆེ། དེ་དུས་འཕྲལ་མར་ཁ་པར་ཞིག་གསོ་བྱེད་སར་ཕྱིན་ནས་ཞིག་གསོ་བྱས་ན་བཟང་།

བརྒྱ་བཤད་ཚིག་གི་རྩ་བ།
གློག་གསོག་ཞོར་ཏུ་ཁ་པར་ལ་བལྟས་ན་ཉེན་ཁ་ཆེན་པོ་ཡོད་པ་མ་ཟད། ཉེན་ཁ་དེ་ལ་སྣང་ཆུང་སྤུ་ཙམ་ཡང་བྱ་མི་རུང་། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ། གོང་གི་དོན་རྐྱེན་འདི་དང་འདི་འདྲ་བ་རང་ཐོག་ཏུ་མི་འབྱུང་བའི་ཕྱིར་དུ། དུས་རྒྱུན་ཁ་པར་སྤྱོད་དུས་ཉེན་བརྡ་འདི་དག་རྒྱ་ཡན་དུ་མི་གཏང་བར་གོམས་ངན་གོམས་བཟང་ལ་བསྒྱུར་ཤིན་ཏུ་གལ་ཆེའོ། །