——《རྨ་ཆུའི་རྒྱུད་ཀྱི་སྐྱེ་ཁམས་གཏམ་རྒྱུད》ཅེས་པའི་མུ་འབྲེལ་གསར་འགྱུར་ལས་ཁག་དང་པོ།
རྩོམ་སྒྲིག་པའི་གཏམ།
གཙང་ཆབ་སྔོན་མོའི་འབབ་རྒྱུན་རིང་བས་འཛིན་མའི་ཁྱོན་ཀུན་སྐྱེ་སྟོབས་རྫོགས། མེ་ཏོག་དྲི་ངད་ཕྱོགས་བཅུར་ལྡང་བས་མཐའ་བཞིའི་མགྲོན་པོ་མྱོས་ཤིང་བཀུགས། །ཞེས་ཡིད་ཀྱི་དང་བ་དབང་མེད་དུ་འདྲེན་པའི་གནས་ཀྱི་མཆོག་དང་ས་ཡི་ཐིག་ལེ་འདི་ནི་ལེ་དབར་ཁྲི་ཕྲག་གི་རི་ལུང་བརྒྱུད་ཅིང་སྐལ་བ་སྟོང་གི་ཕན་བདེ་སྐྱོང་མཁན་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་རྨ་ཆུའི་འབྱུང་ཡུལ་གྱི་སྣོད་བཅུད་ཀྱི་བཀོད་པ་ལགས་ཏེ། རྨ་ཆུའི་ཆུ་མགོ་བརྡོལ་ས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཁྲ་ལ་རི་བོའི་འདབས་ཀྱི་ཡུལ་ལྗོངས་དང་། འཇོ་སྒེག་བུ་མོའི་མིག་ཟུང་བཞིན་གཡོ་བའི་མཚོ་སྐྱ་རེངས་དང་སྔོ་རེངས། གཡུ་འབྲུག་སྔོན་མོས་འཁྱུག་རྩལ་ངོམ་བཞིན་འབབ་པའི་མར་ཐང་ཆུ་བོ། མཐིང་མདོག་གི་གོས་བཟང་མནབས་པའི་ལྷ་ཡི་སྲས་མོ་མི་ཡུལ་ལ་བབས་པ་ལྟ་བུའི་རྨ་ཡུལ་ཁྲི་ཀ་དང་ཡ་རྫིའི་གཞུང་ཁོངས་སུ་འབབ་པའི་རྨ་ཆུ་ཡིན་ལ། རང་རེའི་ཡིད་ཀྱི་གསོས་སྨན་དང་མིག་གི་ལོངས་སྤྱོད་དུ་གྱུར་བའི་རྨ་ཀླུང་སྔོན་མོ་ཞེས་པའི་གཟི་བརྗིད་ཀྱི་མཚན་ཁ་འབར་བའི་རྨད་བྱུང་ལྗོངས་རིས་འདི་ཡིན། དེ་རིང་ནས་བཟུང་། ངེད་དྲ་བའི་བཅར་འདྲི་ཚོགས་པ་རྨ་ཆུའི་སྟོད་རྒྱུད་ཀྱི་བཞུར་ཁོངས་སུ་རྟོག་ཞིབ་བཅར་འདྲིར་བསྐྱོད་དེ། མི་རབས་ནས་མི་རབས་སུ“ཀྲུང་ཧྭའི་ཆུ་མཛོད”བརྟན་སྲུང་བྱེད་མཁན་གྱི་ས་གནས་མང་ཚོགས་ཀྱིས་འབད་འབུངས་ལྷོད་མེད་གནང་པའི་གཏམ་རྒྱུད་དངོས་བརྗོད་གཞིར་བཟུང་སྟེ། སྐྱེ་ཁམས་ཁོར་ཡུག་གི་བྱེད་ནུས་ཆེན་པོ་དང་ཕན་འབྲས་བཟང་པོ་དག་ཟིན་ཐོར་བཀོད་ནས་མཚོ་སྔོན་གྱི་སྣོད་བཅུད“མཛེས་པ”དང་། གསེར་རི་དངུལ་རིའི“རིན་ཐང”ཉམས་དགའ་བ་རིམ་གྱིས་ངོམ་རྒྱུ་ཡིན།
ཟླ4པར། མཚོ་སྔོན་བྱང་ཕྱོགས་ཀྱི་ས་ཆ་མང་པོར་རྩི་ཤིང་གི་འདབ་མ་ལྷུག་པོར་གྲོལ་ཏེ་ག་ས་ཀུན་ཏུ་གསོན་ཤུགས་ཀྱིས་ཁེངས་ཡོད་ན་ཡང་། ས་བབ་མཐོ་བའི་སྟོད་ཀྱི་ཡུལ་ལུང་མང་པོ་ཞིག་ཉིན་འགའི་ཁ་ཆར་གྱིས་གཡོགས་ཏེ་རྨ་ཆུའི་མགོ་ཁུངས་སུ་ལྟེམས་མེར་འཁྱིལ་བའི་མཚོ་སྐྱ་རེངས་སྔོ་རེངས་གཉིས་ཀྱང་ད་དུང་གོས་དཀར་གྱི་ན་བཟའ་བཀླུབས་ནས་ཡོད་པས། སྐད་ཅིག་ལ་མཚོ་ངོས་དང་གནམ་སའི་བར་མཚམས་དབྱེ་དཀའ་བའི་ཚོར་སྣང་སྦྱིན་འོངས།
ཉིན་གསུམ་གྱི་ཡར་སྔོན་ལ། སྔོ་ཞིང་དྭངས་པའི་མཚོ་ངོས་སུ་གཡུ་སྔོན་གྱི་མདངས་བཀྲ་ཞིང་། མཚོ་ངོགས་ཀྱི་རྩྭ་གསེབ་ཏུ་ལྗང་མྱུག་ཐར་ཐོར་རེ་འབུས་པ་དང་། ཆུ་ངོས་སུ་སོ་བྱས་རྐྱལ་རྩལ་ངོམ་ལ། མཚོ་མཐར་ནོར་གནག་ཁྱུ་དག་ཡངས་སུ་རྒྱུ།

ཚེས11ཉིན། ང་ཚོ་མཚོ་མོ་སྤུན་གཉིས་སུ་གྲགས་པའི་མཚོ་སྐྱ་རེངས་དང་སྔོ་རེངས་འགྲམ་ནས་མུ་མཐུད་དུ་ལམ་ལ་ཆས་ཏེ་ཆུ་མགོའི་ཡུལ་དངོས་ལ་བཅར་བའི་འདུན་པ་ཧ་ཅང་ཆེ་ནའང་། འདི་ནས་རྨ་ཆུའི་མགོ་ཁུངས་ཡོད་ས་ཡོས་ཀྱི་རྩིང་ལེབ་བར་ལ་ད་དུང་ལེ་དབར100ལྷག་ཡོད་པ་མ་ཟད། གནས་འདིར་སླེབས་མ་ཐག་གངས་ལྷགས་ཀྱི་ངར་ཁ་རྩུབ་པོས་ང་ཚོའི་མདུན་སྐྱོད་ཀྱི་གོམ་ཁ་རེ་ཞིག་མཚམས་མི་འཇོག་ག་མེད་བྱུང་།
གངས་རི་དཀར་པོ་སྔས་མགོ་དང་རྨ་ཆུ་སྔོན་མོ་མལ་སྟན་དུ་བཏིངས་པའི་ཡུལ་མགོ་ལོག་གི་གནས་འདི་ཆ་སྙོམས་མཚོ་འཕགས་སྨི4500ཡན་ན་ཡོད་ཅིང་། ཀྲུང་ཧྭའི་ཆུ་མཛོད་ཀྱི་ལྟེ་བར་གྲགས་པ་མ་ཟད། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་དངོས་རྩ་ཆེན་རིགས་ཕུན་སུམ་ཚོགས་ས་དང་། མཚོ་དང་མཚེའུ་བགྲང་གིས་མི་ལངས་པ་སྐར་ཚོགས་ས་ལ་བཀྲམ་པ་ལྟར་འཁྱིལ་སའི་གནས་ཡིན་པས། མཚོ་མོ་སྟོང་གི་ཕ་ས་ཞེས་ཀྱང་འབོད། དོན་དངོས་སུའང་དེ་ལས་མ་འདས་ཏེ། རྫོང་དེའི་ཁོངས་སུ་མཚོ་དང་མཚེའུ5849ཡོད་ཅིང་། དེ་དག་ལས་མཚོ་སྐྱ་རེངས་དང་སྔོ་རེངས་གཉིས་ནི་འཛམ་གླིང་བརླན་སའི་སྤྱི་ཆིངས་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་བརླན་ས་གཙོ་གྲས་ཀྱི་མིང་གཞུང་དུ་བཅུག་ཡོད་ལ། དུང་དཀར་མཚོ་ནི་རྒྱལ་ཁབ་ནགས་ལས་པུའུ་ཡིས་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་མིང་གཞུང་དུ་བཅུག་ཡོད་པ་རེད།
དེ་ལྟ་ནའང་རྫོང་ཡོངས་ཀྱི་སའི་ཁྱོན་སྤྱི་ལེ་གྲུ་བཞི་མ2.64དང་གཏན་སྡོད་མི་གྲངས་ནི1.5ལས་མེད་པ་དང་། ལོ་རེར་དུས་ཡུན་མང་ཤོས་སུ་དྲོད་གྲང་གྲང་རེག་རྒོད་པའི-30℃ན་ཡོད་པས།འདིར་དྲོད་རླངས་གཏོང་ཡུན་ཡང་ལོ་རེར་ཧ་ལམ་ཟླ་བཅུ་གཅིག་རིང་ཟིན་གྱི་ཡོད།

གནས་དེར་བསྐལ་བའི་རིང་འཚོ་ཞིང་གཞེས་པའི་འབྲོག་པ་དག་དང་། ཁོ་ཚོས་རང་བྱུང་ཁོར་ཡུག་སྡུག་པོའི་འོག་མ་ཡུམ་ཆུ་བོར་བཅངས་པའི་བརྩེ་བ་ལྷད་མེད། དེ་ལས་འཕྲོས་པའི་གཙང་གསུམ་འབྱུང་ཁུངས་ཀྱི་སྣོད་བཅུད་སྲུང་སྐྱོང་གི་འགན་འཁྲི་དང་བློ་གྲོས་ལ་ཕྱོགས་ཀྱི་མགྲོན་པོས་གོང་བཀུར་དང་ཡི་རངས་བྱེད།
རྨ་ཆུའི་མགོ་ཁུངས་ཁུལ་དུ་བསྐྱོད་ན་དེ་ལ་ཚོད་འཛིན་དང་དོ་དམ་གྱི་སྒྲིག་ལམ་ནན་མོ་ཞིག་བཙུགས་ཡོད་པས། ང་ཚོ་རྨ་སྟོད་རྫོང་མཁར་ནས་ལམ་ལ་ཆས་རྗེས་ལམ་ཧྲིལ་བོར་ལམ་འགག་གསུམ་བརྒྱུད་པ་ཡིན། ང་ཚོས་རྨ་ཆུའི་མགོ་ཁུངས་ཁུལ་གྱི་གཞུང་རྒྱུད་དུ་འཐེན་པའི་གསེག་ལམ་དེད་དེ་མདུན་དུ་སྐྱོད་སྐབས། ཤུགས་ཀྱིས་རྒྱུག་པའི་འཁོར་ངོས་སུ་འབྱར་བའི་ལམ་གྱི་ཁ་བ་དང་འདམ་གསེག་རླངས་འཁོར་གྱི་སྟེང་འོག་ཏུ་ཆོལ་ཡོང་བ་ལམ་སེང་མཁྲེགས་པོར་ཆགས་ནས་ཡུན་རིང་མ་འགོར་བར་རླངས་འཁོར་གྱི་འདབས་ཀ་དང་ཞབས་སྟེགས་ཕྱི་ལོགས་སུ་དར་གྱི་ཁྲབ་རྨོག་མཐུག་པོ་ཞིག་ཆགས་ལ། ཕར་རྡེབ་དུས་པང་སྒྲ་གསལ་དྭངས་བ་ཞིག་གྲགས་འོང་།
མདུན་དུ་ག་ཚོད་བསྐྱོད་ན་དར་གྱི་ཁྲབ་རྨོག་ཇེ་མཐུག་ནས་ཇེ་མཐུག་ཡིན་ལ། རླངས་འཁོར་སྡོད་ཐེངས་རེ་རེ་ལ་ཡང་ཟ་ཟུར་སྲུབས་ཀར་ཆགས་པའི་དར་གྱི་ཙིར་སྒྲ་རེ་རེས་རྣ་བར་ལྷང་ངེར་གཙེས་འོངས།

ལམ་གྱི་གྲང་རེག་ག་འདྲ་རྩུབ་ནའང་སྣོད་ཀྱི་བཀོད་པ་དང་བཅུད་ཀྱི་སེམས་ཅན་གྱིས་མི་སེམས་ལ་སྤྲོ་སྣང་ཚད་མེད་ཅིག་སྦྱིན་འོང་། རི་དྭགས་རྐྱང་ནི་ཁྱུ་དང་ཁྱུ་བཞིན་བྱས་ཏེ་རི་ངོས་སུ་བག་ཡངས་པོར་རྒྱུ་ཞིང་རྩྭ་ཟ་བ་དང་། སྒལ་གཞུང་ཁ་བས་བཀླུབས་ཀྱང་གྲང་ཤར་ཐེབས་པའི་ཉམས་སྣང་ཅི་ཡང་མི་འདུག དགོ་བ་འགའ་རྒྱང་རིང་གི་གངས་ལམ་བརྒལ་ཞིང་ཁ་བ་བུ་ཡུག་གི་ཁྲོད་དུ་མཚམས་རེར་གསལ་ལ་མཚམས་རེར་མི་གསལ་བར་སྣང་ལ། ཁྲུང་ཁྲུང་འགས་ཆུ་ངོས་སུ་འཕུར་རྩལ་ངོམ་བཞིན་མཐོང་དབྱིངས་སུ་ལྡིང་སྐོར་རྒྱག འདི་ནི་ཡུལ་དེའི་སྐྱེ་ཁམས་ལྟ་སྲུང་པར་མཚོན་ན་ཧ་ཅང་རྒྱུན་ལྡན་ཏུ་གྱུར་བའི་འཚོ་བའི་ཆ་ཤས་ཤིག་ཡིན་སྲིད།

མཚོ་སྔོ་རེངས་འགྲམ་གྱི་སྐྱེ་ཁམས་ལྟ་སྲུང་པའི་ཁྲོད་ལོ་ན25སོན་ཞིང་གཞོན་ཤ་དར་བའི་ཤེས་རབ་ཀྱིས་རྒྱང་ཤེལ་བླངས་ནས་རྒྱང་རིང་ལ་སྐོར་ཞིབ་བྱས་བྱུང་། ཁོ་རང་དུས་ཡུན་རིང་བོར་གནས་འདིའི་ཁོར་ཡུག་ལ་སྐོར་སྲུང་བྱས་པའི་ལན་ཡིན་ཏེ། མཁུར་ཚོས་གཉིས་ལ་བྱུ་རུའི་མདངས་ལ་འཁུ་བའི་དམར་ཤ་ཆགས་འདུག ཁོས་བཞིན་ལ་དགའ་སྤྲོའི་འོད་མདངས་འཚེར་བའི་ངང་རྩྭ་དང་རྩི་ཤིང་གི་ལོ་འདབ་འབུས་རྗེས། མཐའ་འཁོར་གྱི་སྲོག་ཆགས་ཀྱང་ཇེ་མང་ཡིན་ཟེར་ཞོར། དེ་སྔ་བརྙན་དུ་ཕབ་པའི་སྔོན་ཆད་མཐོང་མ་མྱོང་བའི་རི་སྐྱེས་སྲོག་ཆགས་དག་ངེད་གསར་འགོད་པར་བསྟན་བྱུང་། སྨྲ་བ་ཉུང་བའི་ཤེས་རབ་ཀྱིས་མིག་གིས་རྒྱང་རིང་ལ་གཟིགས་བཞིན་སྔོན་ཆད་ཁྲུང་ཁྲུང་གི་གཟུགས་བརྙན་ཧ་ཅང་མཐོང་དཀོན་མོད་དེང་གི་ཆར་རྒྱུན་དུ་མཐོང་ཐུབ་པར་མ་ཟད་གྲངས་འབོར་ཡང་ལོ་རེ་ནས་ཇེ་མང་རེད་ཟེར།

རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་གནས་བབ་ཧ་ཅང་ཉམས་དགའ་བའི་ཚུལ་འདི་ནི། རྨ་སྟོད་རྫོང་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དང་དོད་བླ་ལྷག་བྱས་པ་དང་འབྲལ་ཐབས་མེད། 2018ལོར་རྫོང་དེས་ཁྱིམ་གཅིག་ལ་ལས་གནས་གཅིག་བགོ་བའི་སྲིད་ཇུས་དངོས་སུ་ལག་ལེན་མཐར་ཕྱིན་བྱས་པ་ནས་བཟུང་། རྫོང་ཡོངས་ནས་སྐྱེ་ཁམས་སྤྱི་ཕན་གྱི་ལས་གནས་སུ་ལྟ་སྐྱོང་པ3000ལྷག་བཀོད་སྒྲིག་བྱས་ཏེ། འབྲོག་པ་མང་ཚོགས་སྲོལ་རྒྱུན་གྱི་རྩྭ་ས་བེད་སྤྱོད་མཁན་ནས་རྩྭ་ས་སྲུང་སྐྱོབ་མཁན་དུ་བསྒྱུར་བ་དང་། ཁྱིམ་ཚང་གི་ཡོང་འབབ་འབྱུང་སའི་རྟེན་ཉག་ཅིག་ཏུ་གྱུར་བ་དང་ཆབས་ཅིག མང་ཚོགས་ཀྱི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་སེམས་འདུན་ཡང་སྔར་ལས་ཇེ་དྲག་ཏུ་གྱུར་ནས། རྣམ་ཀུན་ཀྲུང་ཧྭའི་ཆུ་མཛོད་ཆེན་པོ་འདི་ཉིད་རང་གི་མིག་འབྲས་ནང་བཞིན་གཅེས་ཤིང་བསྲུངས།
དུས་རབས་སྔོན་མའི་དུས་མཇུག་ཏུ་སྒོ་ཕྱུགས་ཁྱུ་བཞིན་རྒྱུ་བའི་སྔོ་ལྗང་གི་རྩྭ་ཐང་དེ་བྱེ་འགྱུར་གྱི་གནས་བབ་ཛ་དྲག་ལ་འཕྲད་མྱོང་ཡོད་དེ། སྔར་མཚོ་མོ4077ཡོད་པ་བསྐམས་ནས2000ལས་མེད་པའི་ཚུལ་ལ་བསླེབས་མོད། ཡུལ་དེའི་རྩྭ་སྲུང་པ་དག་གིས་འབད་པ་ལྷུར་ལེན་བྱས་ངོར་དེང་ཆར་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་། དེ་ཡང་རྩྭ་ར་མུའུ་ཁྲི1538ལ་ནོར་ལུག་བཀག་སྡོམ་བྱས་ཤིང་། ས་ནག་མུའུ་ཁྲི300ལ་ཕྱོགས་བསྡུས་བཅོས་སྐྱོང་གནང་། ལྟེ་བའི་སྲུང་སྐྱོང་ས་ཁུལ་གྱི་མང་ཚོགས་རྣམས་སྐྱེ་ཁམས་གནས་སྤོར་བྱས་པ་དང་། རྩྭ་འདེབས་དང་བརླན་ས་སླར་གསོའི་ལས་རིམ་གཉིས་དུས་མཉམ་དུ་སྤེལ།
དེ་ལྟར་ལོ་ངོ་ཉི་ཤུའི་རིང་འདས་པའི་དུས་ད་ལྟ་རྨ་སྟོང་རྫོང་ཁོངས་སུ་མཚོ་དང་མཚེའུ་ཡི་གྲངས་ཀ5800ལྷག་ལ་བསླེབས་ཏེ། མཚོ་མོ་སྟོང་གི་རྣམ་པ་སྔར་བཞིན་སླར་གསོ་བྱུང་ཡོད་པ་མ་ཟད། བརླན་སའི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ104ལ་འཕར་བ་དང་། རྩྭ་སའི་ཁྱོན་ཡོངས་ཀྱི་སྐྱེ་དངོས་ཁེབས་ཚད56%བསླེབས། རྨ་ཆུའི་མགོ་ཁུངས་ཀྱི་ཆུ་མགོ་སོས་ཚད་སྔར་ལས་ཇེ་མཐོར་ཕྱིན་ཏེ་རི་དྭགས་རྐྱང་གི་ཁ་གྲངས5000ཙམ་ནས་ཁྲི་ལྷག་ལ་འཕར་ཡོད་པ་དང་། ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་ཆུ་བྱའི་རིགས་ཀྱང་ལོ་རེར15%འཕར་ཡོད་པས། སྔོན་ཆད་ཚེ་སྲོག་གི་ཉེན་གནས་སུ་ལྷུང་བའི་གནས་དེ་ཉིད་དེང་གི་ཆར་རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ་དུ་གྱུར་ཡོད།
སྐྱེ་ཁམས་ལྟ་ཞིབ་ཀྱི་གཞི་གྲངས་ལ་གཞིགས་ན། རྨ་ཆུའི་མགོ་ཁུངས་ཀྱི་ལོ་འཁོར་གྱི་ཆུ་མོའི་བཞུར་ཚད་ཀྱང་དེ་སྔའི་ལོ་ངོ20དང་བསྡུར་ན18%འཕར་ཡོད་པས། “གཙང་ཆབ་སྔོན་མོ་ཤར་དུ་འབབ་པ”བརྟན་སྲུང་ལེགས་པོ་ཐུབ་ཡོད།
ཁ་བ་བུ་ཡུག་འཚུབ་པའི་གྲང་རླུང་དང་། མཚོ་མོ་རྒྱང་དུ་བཀྱེད་པའི་རྔམ་བརྗིད་ཁྲོད། འདི་གའི་རང་བྱུང་མཛེས་སྡུག་སེམས་ཀྱིས་སྐྱོང་མཁན་རླབས་ཆེན་མི་བུ་དག་གི་མཛད་འཕྲིན་དྲན་ཡོང་།
ལོ་ངོ་ཉི་ཤུའི་རིང་ལ་རྨ་སྟོད་རྫོང་གིས་དཀའ་སྡུག་གི་རྔུལ་ཁྲག་མང་པོ་བཏོན་ཏེ་དེ་སྔ་ཉམས་ཉེན་ཆེ་བའི་སྐྱེ་ཁམས་ཡང་ད་ཆ་སྐྱེ་ཁམས་སླར་གསོ་ཡི་མ་དཔེ་བཟང་བོར་བསྒྱུར་ལ། གངས་རི་དང་མཚོ་མོ་ཡི་མཛེས་པ་ཡང་སྔར་བཞིན་མདངས་མ་ཉམས་མདོག་མ་ཡལ་བར་གནས་ཐུབ་ཡོད་པ་འདི། ཏག་ཏག་སྐྱེ་ཁམས་སླར་གསོ་ཡི་རེ་བའི་འོད་སྣང་སྲོག་ཏུ་བསྡུས་པའི་མགོ་ཁུངས་བརྟན་སྲུང་མཁན་གྱི་ལྷག་བསམ་དང་འབད་འབུངས། རྔུལ་ཁྲག་ལས་བཞེངས་པ་ཡིན་ལ། རྨ་སྟོད་ཀྱི་རྫོང་མཁར་ཆུང་ཆུང་འདིས“ཀྲུང་ཧྭའི་ཆུ་མཛོད”བརྟན་སྲུང་ཁྲོད་བླངས་པའི་མ་ཡུམ་ཆུ་བོ་སྲུང་སྐྱོང་གི་གྲུབ་འབྲས་གསར་པ་ཞིག་ཅི་ལ་མིན།

གནམ་ངོ་རིམ་གྱིས་རུབ་ཅིང་གངས་རླུང་སྔར་བཞིན་ལྡང་། རླངས་འཁོར་གྱིས་དར་གྱི་ཁྲབ་རྨོག་གྱོན་ནས་མུ་མཐུད་དུ་ལམ་ལ་ཆས། མཚོ་འཕགས་ཆ་སྙོམས་སྨི4500ཡི་མཚམས་ཀྱི་རི་གསེབ་ཏུ་བརྡོལ་བའི་རྨ་ཆུའི་ཆུ་མགོ་རུ། གངས་རླུང་གི་ཤུ་སྒྲ་དང་འཁྱགས་པས་བསྡམས་པའི་མཚེའུ། རི་སྐྱེས་སྲོག་ཆགས་ཀྱི་རྨིག་རྗེས། དེ་མིན་ཤེས་རབ་ལྟ་བུའི་ལྟ་སྲུང་པ་དག་ལས་གཞན་སྟོང་འཇགས་སེར་གྲགས་འགུལ་ཅི་ཡང་མི་འདུག
འདི་ནི་སྣོད་བཅུད་ཀྱི་བཀོད་པ་ཉམས་དགའ་བའི་རྨ་ཆུའི་མགོ་ཁུངས་ཏེ། ཁ་བ་གངས་རི་ཡི་རྔམ་བརྗིད་ངོམ་ས་དང་། ཆུ་དང་མཚོ་མོ་ཡི་གར་སྟབས་རྒྱུ་ས། རྩྭ་དང་རྩི་ཤིང་གི་བང་མཛོད་གཏམས་ས། བྱ་དང་རི་དྭགས་ཀྱི་སྲོག་རྒྱུན་འཕེལ་ས། མི་དང་རང་བྱུང་གི་བརྩེ་བ་ཉར་ས་ཡིན་པས། གནས་འདིའི་སྐྱེ་ཁམས་ཁོར་ཡུག་ཇི་སྲིད་དུ་བརྟན་པའི་སྲུང་སྐྱོང་གི་རྒྱུན་མི་ལྷོད་པ་བྱ་རྒྱུ་ནི་ང་ཚོ་ཐུན་མོང་གི་གཡོལ་ཏུ་མེད་པའི་འགན་འཁྲི་ཡིན་ནོ། །
གསར་འགོད་པ། ཁོན་ཐར་འཚོ། ལྷ་ཆེན་རྒྱལ། གཡང་སྐྱིད།
རྩོམ་སྒྲིག་པ། འཕགས་མོ་དོན་གྲུབ།
རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་བཀྲ་ཤིས།