ཡུས་ཧྲུའུ་ཁུལ་གྱིས2026ལོའི་དམིགས་འབེན་ཏེ་མི་ཆིག་འབུམ་ལ་སྐྱེ་ཁམས་ཡུལ་སྐོར་གྱི་ལས་སྐལ་ཐོབ་པར་འབད་རྒྱུ་རེད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས“མི་ཆིག་འབུམ་ལ་སྐྱེ་ཁམས་ཡུལ་སྐོར་གྱི་ལས་སྐལ་ཐོབ་པར་བྱེད་པའི”སྐུལ་སློང་ཚོགས་འདུ་བསྡུས་ཏེ། སྐྱེ་ཁམས་རིག་གནས་ཡུལ་སྐོར་དེ་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་ཤིག་ཏུ་བསྐྲུན་རྒྱུ་དང་། མང་ཚོགས་ཆིག་འབུམ་ལ་ལས་ཞུགས་ཀྱི་གོ་སྐབས་སྟེར་བའི་དམིགས་འབེན་གཏན་འཁེལ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་ལེགས་སྒྱུར་མཉམ་རྒྱལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་། 

2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོ་ཡིན་པའི་ཆ་ནས། ཡུས་ཧྲུའུ་ཁུལ་གྱི་རིག་གནས་ཡུལ་སྐོར་ལ་སྲིད་ཇུས་དང་ཐོན་ཁུངས། ཁྲོམ་ར་བཅས་ཀྱི་མཐུན་རྐྱེན་མང་པོ་སྒོ་ཀུན་ནས་འཛོམས་ཡོད། “མི་ཆིག་འབུམ་ལ་སྐྱེ་ཁམས་ཡུལ་སྐོར་གྱི་ལས་སྐལ་ཐོབ་པར་བྱེད་པ”ནི། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། ཡུས་ཧྲུའུ་ཡིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན། ཁུལ་ཡོངས་ཀྱིས་སྐྱེ་ཁམས་ནུས་སྩོལ་དང་རིག་གནས་ཀྱིས་བླ་སྲོག་བསྐྲུན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་དེ“གཏན་འཁེལ་བྱས་པའི་ས་གནས་སྟེང་ནས་ཐོད་བརྒལ་བྱེད་པ”ནས“ས་ཁོངས་ཡོངས་སུ་མཐོར་འདེགས་གཏོང་བའི”ཕྱོགས་སུ་འགྱུར་ལྡོག་ཡོང་བར་སྐུལ་འདེད་བཏང་ནས། “རི་སྔོ་ཆུ་དྭངས”དང“རིག་གནས་གསེར་རི”ཕྱོགས་གཉིས་རྣམ་བསྒྱུར་ཡོང་བར་བྱ་རྒྱུ་རེད།

དམིགས་འབེན་ལ་གཞིགས་ནས། ཡུས་ཧྲུའུ་ཁུལ་གྱིས་གཙོ་གནད་བྱེད་ཐབས་ཆེན་པོ་བཞི་བཏོན་ཡོད་དེ། མུ་འབྲེལ་བརྙན་འཕྲིན་ཟློས་གར་ཚ་ཤོས《བླ་ཤིང》ཞེས་པའི་ཤུགས་རྐྱེན་ལ་བརྟེན་ནས། ཉིན་གཅིག་ནས་གསུམ་བར་གྱི་ཡུལ་སྐོར་ལམ་ཐིག་སྔར་ལས་ཇེ་ལེགས་སུ་བཏང་བ་དང་། མཚན་མོའི་འཛད་སྤྱོད་ལས་རྣམ་སྐྱེད་སྲིང་བྱས་ནས། “ལམ་ཐག་རིང་ལ་ཡུལ་སྐོར་ཉུང་བའི”དཀའ་གནད་སེལ་བ་དང་། ཡུལ་སྐོར་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས། གནམ་གྲུ་ཐང་དུ་རིན་མི་དགོས་པའི་བདེ་ཐང་ཞིབ་བཤེར་ས་ཚིགས་བཙུགས་ཏེ། ས་ཚིགས་སུ་གསོ་རླུང་དང་འཕྲིན་གཏོང་གིས་ཡོངས་སུ་ཁྱབ་པར་བྱས་ནས། ཞབས་ཞུའི་འགན་སྲུང་གི་རྨང་གཞི་བརྟན་པོ་བསྐྲུན། དབྱེ་འབྱེད་ཀྱི་ཚད་མཐོ་བའི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་བསྐྲུན་ཏེ། ས་ཁོངས་ཀྱི་རིག་གནས་ཡུལ་སྐོར་སྒྲོག་སྤེལ་ནུས་པ་ཆེ་རུ་བཏང་བ་དང་། ཐོན་ལས་མཉམ་འདྲེས་ཟབ་སྤེལ་བཏང་ནས། རྟ་རྒྱུག་དུས་ཆེན་དང་ལུས་རྩལ་ཡུལ་སྐོར་ཟུང་འབྲེལ་སྐུལ་འདེད་བཏང་བ། དབྱར་རྩྭ་དགུན་འབུ་རྐོ་བ་དངོས་སུ་ཉམས་ལེན་བྱེད་པའི་རྣམ་གྲངས་གསར་གཏོད་བྱེད་པ། ཁྱད་ལྡན་ངལ་ལས་སྤུས་རྟགས་གསོ་སྐྱོང་བཅས་བྱས་ཏེ། འབྲོག་པའི་ས་གནས་ནས་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་པ་རེད།

དེང་སྐབས། ཡུས་ཧྲུའུ་ཁུལ་ནི་ཡུལ་སྐོར་བ་མང་ཤོས་ཀྱི་དུས་ཚིགས་སུ་སླེབས་ཡོད། ས་གནས་ཀྱིས་གོ་སྐབས་དམ་འཛིན་དང་འགན་འཁྲི་དངོས་འབེབས་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས། མང་ཚོགས་སྔར་ལས་མང་པོར་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་ཐུབ་པར་བྱས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་ཀྱིན་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།