མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིས“ལྔ་གཅིག”གུང་གསེང་རིང་ཡུལ་སྐོར་བ་མི་ཐེངས་དྲུག་ཁྲི་ལྔ་སྟོང་སྣེ་ལེན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

“ལྔ་གཅིག”གུང་གསེང་སྐབས་སུ། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིས་སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་ཏེ། སྐྱེ་ཁམས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཟབ་སྤེལ་ཡོང་རྒྱུ་གཙོ་ཐིག་ཏུ་བཟུང་ནས། ལས་རྣམ་གསར་གཏོད་དང་ཞབས་ཞུ་རིམ་སྤར་ལ་སྐུལ་འདེད་བཏང་ནས་ངོ་བོའི་ཆ་ནས་ཐོད་བརྒལ་བྱུང་ཡོད། “ལྔ་གཅིག”གུང་གསེང་རིང་། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་དྲུག་ཁྲི་ལྔ་སྟོང་སྣེ་ལེན་བྱས་པ་དང་། དེ་ན་ནིང་གི་དུས་མཉམ་ལས7%འཕར་ཡོད་ཅིང་། ཡུལ་སྐོར་ཡོང་འབབ་སྒོར་ས་ཡ་དྲུག་དང་འབུམ་དྲུག་ཁྲི་གཉིས་སྟོང་བདུན་སུམ་བརྒྱ་ལྷག་བཙལ་ཡོད་ལ། ཡོང་འབབ་བཙལ་བའི་གྲངས་འབོར་དེ་ན་ནིང་གི་དུས་མཉམ་ལས3%འཕར་ཡོད།

“ལྔ་གཅིག”གུང་གསེང་རིང། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དུ་གཡོར་གྲུ་དང་མགྱོགས་གྲུ། ཆུ་ཐོག་རྐང་འཁོར། ཟུང་ལྡན་ཡུལ་སྐོར་གྲུ་གཟིངས་སོགས་ཆུ་ཐོག་རོལ་རྩེད་རྣམ་གྲངས་ཁྱོན་ཡོངས་ནས་འཁོར་སྐྱོད་བྱས་པར་མ་ཟད། མྱུར་འཁྱུག་འགྲེམ་སྟོན་དང་མི་རིགས་གླུ་གར་འཁྲབ་སྟོན། “མཚོ་རླབས་ལ་རོལ་མྱོང་བྱེད་པ”བཅས་བརྗོད་དོན་ཡིན་པའི་རོལ་དབྱངས་འདུ་ཚོགས་དང་། གསོལ་མགྲོན་ཁང་ཆེ་གྲས་ཀྱི་རོལ་ཚོགས་འཁྲབ་སྟོན། སྐྱེ་ཁམས་ཞིབ་སྦྱོང་གི་ཉིན་གཅིག་གི་སྒར་ཁ་སོགས་ཁྱད་ཆོས་ལྡན་པའི་གསར་གཏོད་བྱེད་སྒོ་རིམ་བཞིན་སྤེལ། དུས་མཚུངས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་བསགས་སྐུལ་ལྕག་ལམ་སྲོལ་དང་། ཞིང་ཆེན་རིམ་པའི་རིག་གནས་ཡུལ་སྐོར་འཛད་སྤྱོད་འཛིན་ཤོག་སྲིད་ཇུས་དང་ཟུང་འབྲེལ་བྱས་ནས། ཡུལ་སྐོར་བའི་ཕྱིར་སྐྱོད་མ་རྩ་མངོན་སུམ་ཇེ་དམའ་རུ་བཏང་སྟེ། དམངས་ཕན་དང་ཉམས་ལེན། དབྱིངས་ཞུགས་བཅས་ཀྱི་སྣ་མང་སྐྱེ་ཁམས་ཡུལ་སྐོར་ཞབས་ཞུའི་མ་ལག་བཙུགས།

མཛེས་ལྗོངས་ཁུལ་གྱིས་ཁྱད་ལྡན་རིག་གནས་གསར་གཏོད་ཀྱིIPཉམས་ལེན་ཁང་བསྐྲུན་ནས། སེམས་རྩ་དྲོ་བར་བྱེད་པའི་ཞབས་ཞུ་བཏོན་ཏེ། ཁྱད་གཤིས་ཅན་གྱིམཉམ་འགུལ་ལ་བརྟེན་ནས་ཡུལ་སྐོར་གྱི་སྤྲོ་སྣང་དང་བློ་ཡིད་ཚིམ་ཚད་ཇེ་མཐོར་བཏང་། “གསོ་རླུང་འདང་བའི་ཡུལ་སྐོར”གྱི་ཞབས་ཞུའི་ཇུས་གཞི་དུས་མཉམ་དུ་དོན་འཁྱོལ་བྱས་ནས། གཏན་འཇགས་གསོ་རླུང་མཁོ་འདོན་དང་འཁྱེར་བདེ་མཁོ་སྤྲོད། སྨན་བཅོས་འགན་སྲུང་བཅས་ཕྱོགས་གསུམ་གཞི་གཅིག་ཅན་གྱི་མཐོ་སྒང་འགན་སྲུང་མ་ལག་གྲུབ་པར་བྱས། མཐོ་སྒང་གི་གསོ་རླུང་དཀོན་པའི་དཀའ་གནད་མ་ལག་ལྡན་པའི་སྒོ་ནས་སེལ་ཏེ། ཡུལ་སྐོར་བས་ལྗོངས་རྣམ་ཧྲིལ་བོར་འཆམ་འཆམ་བྱེད་སྐབས་ཀྱི་བདེ་ཐང་དགོས་མཁོ་ཆ་རྫོགས་པར་བསྐངས། མ་འོངས་པར་མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོ་ཡུལ་སྐོར་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་ཟིས་སྐྱེ་ཁམས་སྔོན་འགྲོ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་གཙོ་ཐིག་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། ལས་རྣམ་གསར་གཏོད་དང་ཞབས་ཞུ་ལེགས་སྒྱུར། སྤུས་རྟགས་རིམ་སྤར་བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། མཐོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བསྐྲུན་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།