ལྔ་གཅིག་གུང་གསེང་རིང་། མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་པར་མ་ཟད། འཕྲལ་བསྟུན་འགོག་ཟོན་དང་ལས་རེས་ལས་སྲུང་དམ་འཛིན་བྱས་ཏེ། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱིས་བདེ་འཇགས་ངང་གུང་གསེང་རོལ་བ་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་ཡོང་བར་འགན་སྲུང་བྱས། ཟླ5པའི་ཚེས5ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་བར་དུ། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་གནས་བབས་སྤྱིའི་ཆ་ནས་གཏན་འཇགས་ཡིན་ལ། ཅུང་ཚབས་ཆེ་བ་དང་དེའི་ཡན་གྱི་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་དང་རང་བྱུང་གནོད་འཚེ་གང་ཡང་བྱུང་མེད།
དུས་ཆེན་གྱི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་། མཚོ་སྔོན་ཞིང་ཆེན་གྱི་ཐོལ་བྱུང་སྤྱི་པའི་དོན་རྐྱེན་འཕྲལ་བསྟུན་དོ་དམ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་སྤྱི་བདེ་དང་མེ་ཟོན། འགྲིམ་འགྲུལ། རིག་གནས་ཡུལ་སྐོར། སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཁག་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ལ་ཤུགས་བསྣན་ཏེ། བརྙན་ལམ་ནས་ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག140ལྷག་ལ་ངེས་མེད་ཞིབ་བཤེར་བྱས། ཉིན་རེར་ཞིང་ཆེན་ཡོངས་ཀྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་རྩ་འཛུགས་བྱས་ཏེ། བདེ་འཇགས་འགོག་ཟོན་དང་། ཁངས་ཆར་འབབ་པའི་གནམ་གཤིས་འགོག་ཟོན་དང་། ཕྱིར་བགྲོད་མཐོ་རླབས་སྐབས་ཀྱི་བདེ་འཇགས་འགན་སྲུང་བྱ་བར་ཆེད་དོན་བཀོད་སྒྲིག་བྱས། ཞིང་ཆེན་སྤྱི་བདེ་ཐིང་དང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་དམངས་སྲིད་ཐིང་བཅས་ཀྱིས་རང་འཁྲིའི་འགན་འཁྲི་སྒྲུབ་སྟེ། སོ་སོ་ནས་ཆེད་དོན་ལྟ་སྐུལ་ལས་སྒྲུབ་ཚན་ཆུང་ཡུལ་དངོས་དང་པོར་མངགས། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་གིས་ལྐོག་ཞིབ་ལས་སྒྲུབ་ཚན་ཆུང16མངགས་ཏེ། གཙོ་གནད་ཁེ་ལས78ལ་ཞིབ་བཤེར་བྱས་ནས། མངོན་མེད་རྐྱེན་ངན་གྱི་གནད་དོན131ཤེས་རྟོགས་བྱུང་ནས་ལེགས་བཅོས་བྱས།
གུང་གསེང་སྐབས། ཞིང་ཆེན་ཡོངས་ཀྱི་སྡེ་ཁག་སོ་སོས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། མངོན་མེད་རྐྱེན་ངན་གྲལ་བཤེར་ལེགས་བཅོས་གཏིང་ཟབ་བྱས། ཞིང་ཆེན་སྤྱི་བདེ་ཐིང་གིས་ཉེན་རྟོག་པ་མི་ཐེངས4403མངགས་ཏེ། འགྲིམ་འགྲུལ་སྒྲིག་འགལ་ཁྲི་གཅིག་སྟོང་གཅིག་ལྷག་ལ་ཞིབ་བཤེར་ཐག་གཅོད་བྱས། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ལྟ་སྐུལ་ཞིབ་བཤེར་ཐེངས70ལྷག་བྱས་ཏེ། མངོན་མེད་རྐྱེན་ངན146ལེགས་བཅོས་བྱས། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི་ལ་ཞིབ་བཤེར་བྱས་ཏེ། མངོན་མེད་རྐྱེན་ངན་ཚབས་ཆེན་ཡོད་པའི་ལས་གཞི་མཚམས་འཇོག་དགོས་པའི་བཀའ་རྒྱ་བཏང་། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་ཁེ་ལས404ལ་ཞིབ་བཤེར་བྱས་ཏེ། མངོན་མེད་རྐྱེན་ངན46ལེགས་བཅོས་བྱས། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྱོན་བསྡོམས་ཡུལ་སྐོར་ལྗོངས་ཁུལ65ལ་ཞིབ་བཤེར་བྱས་པར་མ་ཟད། གནད་དོན14ལེགས་བཅོས་བྱེད་དགོས་པའི་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་སྡེ་ཁག་གིས་ཁྱོན་བསྡོམས་ཁེ་ལས9323ལ་ཞིབ་བཤེར་བྱས་པ་དང་། མངོན་མེད་རྐྱེན་ངན2618ལ་གྲལ་བཤེར་བྱས། ཞིང་ཆེན་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་གཟབ་ནན་སྒོས་སྐོར་སྲུང་གྲ་སྒྲིག་བྱས་ཏེ། ཉེན་བརྡ་ཐེངས39འབྱོར་བ་དང་མེ་ཟོན་རླངས་འཁོར་ཐེངས94བཏང་སྟེ། མེ་ཟོན་བཀོད་འཐབ་པ་མི་ཐེངས419མངགས། ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་ནགས་ལས། ཕྱུགས་ལས། གཏེར་འདོན་ལས་རིགས། ཉོ་ཚོང་བཟོ་སྐྲུན་ལས་རིགས། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས། མཛོད་ཉར་ལས་རིགས། མི་ཚོགས་འདུ་ས་དང་ཡུལ་སྐོར། ཆུ་གློག་རླངས་དྲོད་བཞི་མཁོ་འདོན་སོགས་ཀྱི་ལས་རིགས་ལ་ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་བྱུང་མེད།