རྨ་ལྷོའི་གཟུགས་འདས་ཤུལ་བཞག་རིག་གནས་གསར་གཏོད་དེ་ཞང་ཀང་རྒྱལ་སྤྱིའི་ལེགས་སྐྱེས་འགྲེམ་སྟོན་ལ་ཞུགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ​སྐབས41པའི་ཞང་ཀང་གི་འཚམས་རྟགས་དང་འབུལ་སྐྱེས་འགྲེམ་སྟོན་དེ་ཟླ4ཚེས27ཉིན་ནས་ཟླ4ཚེས་30ཉིན་བར་ཞང་ཀང་གྲོས་ཚོགས་འགྲེམས་སྟོན་ལྟེ་གནས་སུ་དངོས་སུ་འགོ་བརྩམས།     རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལེགས་འདེམས་ཁེ་ལས་ལྔ་ཁྲིད་ནས་འགྲེམས་སྟོན་བྱ་འགུལ་ལ་ཞུགས་པ་དང་གཟུགས་འདས་ཤུལ་བཞག་རིག་གནས་གསར་གཏོད་ཀྱི་ལག་ཤེས་ཐོན་རྫས་སྣ་ཚོགས་འགྲེམ་སྟོན་བྱས་ཤིང་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་ཚོང་བ་དག་གི་ཡིད་དབང་བཀུག་པར་མ་ཟད་མཉམ་ལས་ཀྱི་རེ་འདུན་བསྟན་ཡོད། 

ཐེངས་འདིའི་འགྲེམ་སྟོན་ནི་རྨ་ལྷོ་ཁུལ་གྱིས་མཚོ་སྔོན་དང་ཞང་ཀང་གི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་། “རབ་མཛེས་མཚོ་སྔོན།  མཚར་སྡུག་རྨ་ལྷོ”ཞེས་པའི་སྤུས་རྟགས་རྒྱ་ཆེར་ཁྱབ་བརྡལ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། “མཚོ་སྔོན་གྱི་ཚོང་ཟོང་ཞང་ཀང་དུ་ཕྱིར་གཏོང་བྱེད་པ”དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ཡོད་ལ། མཚོ་སྔོན་གྱི་ཁྱད་ལྡན་གཟུགས་འདས་ཤུལ་བཞག་རིག་གནས་གསར་གཏོད་ཐད་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་དང་ཚོང་འགུགས་དངུལ་འདྲེན་བྱས་ཏེ་རྨང་གཞི་བརྟན་པོ་འདིང་བར་རྨ་ལྷོའི་རིག་གནས་ཐོན་ལས་སྔར་ལས་རྒྱ་ཆེ་བའི་རྒྱལ་སྤྱིའི་གར་སྟེགས་སུ་བགྲོད་པར་རོགས་འདེགས་བྱས་ཡོད།

ཞང་ཀང་གི་འཚམས་རྟགས་དང་འབུལ་སྐྱེས་འགྲེམ་སྟོན་དེ་ཞང་ཀང་ཉོ་ཚོང་འཕེལ་རྒྱས་ཅུས་ཀྱིས་གཙོ་སྒྲུབ་བྱས་ཤིང་འགྲེམ་སྟོན་དེ་ནི་ཨེ་ཤ་ཡ་དང་ཐ་ན་གོ་ལ་ཧྲིལ་པོའི་གཞི་ཁྱོན་དང་ཤུགས་རྐྱེན་ཆེས་ཆེ་བའི་ལེགས་སྐྱེས་ལས་རིགས་གྱི་གསོལ་སྟོན་ཅིག་ཡིན་པ་རེད།  རེབ་འདིའི་འགྲེམས་སྟོན་སྟེང་ཆེད་དོན་འགྲེམས་སྟོན་ཁག་བདུན་ལྷག་དུས་གཅིག་ཏུ་སྤེལ་བ་དང་། རྒྱལ་ཁབ་དང་ས་ཁུལ30ལྷག་ནས་ཡོང་བའི་ཚོང་པ5600ཙམ་འགྲེམ་སྟོན་ལ་ཞུགས། ཐོན་རྫས་གསར་པ་ཁྱབ་བསྒྲགས་དང་།     ལས་རིགས་བརྗེ་རེས།     ཉོ་ཚོང་སྦྲེལ་མཐུད་བཅས་གཞི་གཅིག་ཏུ་གྱུར་ཡོད་པས་ཁེ་ལས་ཁག་གིས་རྒྱལ་སྤྱིའི་ཁྲོམ་ར་རྒྱ་བསྐྱེད་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཀྱང་རེད།

རྨ་ལྷོའི་འགྲེམས་ཞུགས་དངོས་རྫས་ཚང་མ་ལག་ཤེས་ཐོན་རྫས་རྐྱང་རྐྱང་ཡིན་པ་དང་། དེ་ལ་མཐོ་སྒང་སྐྱེ་ཁམས་ཀྱི་ཁྱད་ཆོས་ལྡན།     དེའི་ནང་རེབ་གོང་ཐང་ག་དང་བོད་སྤོས།     གཙན་ཚའི་འབྲུ་ལྔའི་རི་མོ།     ཕྱིང་པའི་ཐོན་རྫས།     རྡོ་བརྐོས་སོགས་ཚུད་ཡོད།  ཐོན་རྫས་རེ་རེར་རྨ་ལྷོའི་སྲོལ་རྒྱུན་ལག་རྩལ་གྱི་ཉིང་བཅུད་འདྲེས་ཡོད་ལ་དམིགས་བསལ་གྱི་ཁྱད་ཆོས་དང་ཐོག་མའི་གསར་གཏོད་ཇུས་འགོད་ལས་འགྲེམ་སྟེགས་གཙོ་བོར་གྱུར་ཡོད། 

འགྲེམ་སྟོན་གྱི་ཡུལ་དངོས་སུ་རྒྱལ་ཁབ་ཕྱི་ནང་གི་ཚོང་པ་མང་པོས་ཐོན་རྫས་ཀྱི་བཟོ་རྩལ་རྒྱུན་འཛིན་དང་མ་བཅོས་རྒྱུ་ཆའི་དགེ་མཚན།     མཉམ་ལས་བྱེད་སྟངས་བཅས་རྒྱུས་ལོན་ཞིབ་ཕྲ་བྱས་པར་མ་ཟད།     ལག་ཤེས་བཟོ་རྩལ་དང་མཐོ་སྒང་གི་ཁྱད་ཆོས་ལ་ཚད་མཐོའི་ཁས་ལེན་བྱས་ནས། ཉོ་སྒྲུབ་དང་མཉམ་ལས་ཀྱི་རེ་འདོད་བསྟན་པར་མ་ཟད། ཡུལ་དངོས་ནས་འབྲེལ་མཐུད་གོ་རིམ་ལྡན་པར་མངོན།  

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།