ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཁེ་ལས་གཙོ་བོར་རྟོག་ཞིབ་བྱས་པ་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4པའི་ཚེས30ཉིན་གྱི་སྔ་དྲོར།     ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།   ཧྲིན་ཀྲང་ལུའོ་ཏུང་ཁྲོན་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཁེ་ལས་གཙོ་བོར་སོང་ནས་རྟོག་ཞིབ་བྱས་པ་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས།   ཁོས་ནན་གྱིས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡུལ་སྐོར་འཕེལ་རྒྱས་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།    རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པར་གཞིགས་ཏེ་ཡུལ་སྐོར་ཁེ་ལས་གཙོ་བོའི་ཁྲིད་སྟོན་བྱེད་ནུས་འདོན་སྤེལ་བཟང་བོ་བྱེད་པ་དང་།    སྔར་ལས་ལྷག་པའི་སྒོ་ནས་ཐོན་རྫས་ཀྱི་སྤུས་ཚད་ཇེ་བཟང་དུ་གཏོང་བ་དང་ཞབས་ཞུ་བཟང་བོ་བཏོད་པ།  འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ།  སྟོབས་ཤུགས་ཡོད་རྒུས་ཡུལ་སྐོར་པ་མང་པོའི་དུས་སྐབས་ཀྱི་ཞབས་ཞུའི་འགན་སྲུང་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་བཅས་བྱས་ནས་སྐྱེ་ཁམས་ཡུལ་སྐོར་སྤུས་ལེགས་ཅན་དང་ཟོང་རྟགས་ཅན་དུ་རིམ་སྤོར་བྱེད་པར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།

མཚོ་སྔོན་ཀའོ་ཞིན་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་ཚད་ཡོད་ཀུང་སི་དང་མཚོ་སྔོན་ཞིང་ཆེན་ཁང་ཧུའེ་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་ཚད་ཡོད་འགན་འཁྲིའི་ཀུང་སི་རུ་ལུའོ་ཏུང་ཁྲོན་གྱིས་ཁེ་ལས་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་ཐོན་རྫས་ཇུས་འགོད།    ཚོང་གཉེར་དོ་དམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་།    ཁེ་ལས་ཀྱིས་མཐོ་སྒང་གི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་སྤུས་ལེགས་ཡུལ་སྐོར་བརྩམས་ཆོས་སྔར་ལས་མང་པོ་གསར་གཏོད་བྱེད་པ་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པའི་ཁྲོམ་ར་རྒྱ་བསྐྱེད་ཟབ་མོ་བྱེད་པ།    ལས་བྱེད་མི་སྣའི་བྱང་ཚད་གསོ་སྦྱོང་ལ་ཤུགས་སྣོན་པ།    ཡུལ་སྐོར་པ་ཡིད་ཚིམས་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ནས“རི་ཆུའི་འབྱུང་ཡུལ།  རབ་མཛེས་མཚོ་སྔོན”གྱི་མིང་རྟགས་སྔར་ལས་ཇེ་བཟང་དུ་གཏོང་དགོས་པའི་སྐུལ་མ་བཏང་།

བཞུགས་མོལ་ཚོགས་འདུའི་སྟེང་།   མཚོ་སྔོན་མཚོ་འགག་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་དང་མཚོ་སྔོན་ནོར་གནག་ཕྱི་རོལ་ཉེན་བརྟག་མྱུལ་དཔྱད་རྒྱལ་སྤྱིའ་ཡུལ་སྐོར་ལས་དོན་ཁང་། མཚོ་སྔོན་ཚྭ་ཁ་ཚྭ་མཚོ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སི།   ཞིང་ཆེན་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་བཅས་ཀྱིས་སོ་སོར་མཚོ་སྔོན་དུ་ཡུལ་སྐོར་ལ་ཡོང་བ་དང་། ཕྱི་རོལ་ཉེན་བརྟག་མྱུལ་དཔྱད་ཐོན་རྫས་གསར་སྤེལ། སྐར་ལྔ་རིམ་པའི་མཛེས་ལྗོངས་ཁུལ་གསར་འཛུགས་བྱེད་པ།    ཡུལ་སྐོར་འགྲུལ་སྐྱེལ་འགན་སྲུང་།  ཁྲོམ་རའི་སྒྲིག་ལམ་དག་ཐེར་བཅོས་སྐྱོང་སོགས་ལ་དམིགས་ནས་སྔ་གཞུག་ཏུ་གཏམ་བཤད།   ལུའོ་ཏུང་ཁྲོན་གྱིས་ཁོ་ཚོའི་གཏམ་བཤད་ལ་ནན་ཏན་གྱིས་ཉན་པ་མ་ཟད།   ཚང་མ་དང་མཉམ་དུ་བསམ་བློ་བརྗེ་རེས་དང་གྲོས་བསྡུར་ཟབ་མོ་བྱས།

ལུའོ་ཏུང་ཁྲོན་གྱིས་བསྟན་དོན།   རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བསྩལ་བའི་ལས་འགན་གལ་ཆེན་ཞིག་ཡིན།  དེང་ཕྱིན་དུས་སྐབས་ཤིག་གི་རིང་ལ།   མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་གྱི་འཕེལ་རྒྱས་མདུན་ལྗོངས་ཡངས་པ་དང་བག་ཤུགས་ཆེ་ལ།  སྲིད་ཇུས་ཀྱི་ཁེ་བཟང་མང་པོ་གཅིག་བསྡུས་སྒོས་ཐོན་པ་དང་ཡུལ་སྐོར་འཛད་སྤྱོད་མགྱོགས་མྱུར་སྒོས་རིམ་སྤོར་བྱེད་པ།   ཁྲོམ་རའི་བར་སྟོང་རྒྱུན་མཐུད་ངང་རྒྱ་བསྐྱེད་པའི་འཕེལ་རྒྱས་ཀྱི་དུས་སྐབས་བཟང་བོ་བསུས་ཡོད།    ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཡུལ་སྐོར་ཁེ་ལས་རྣམས་ཀྱིས་འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ་ཉིང་གཅིག་སྐོར་གཅིག་རྒྱུད་མང་གི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་དམིགས་ནས། ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་ཡུལ་སྐོར་ཞབས་ཞུའི་བྱ་བ་སྔར་ལས་བཟང་བོར་བསྒྲུབ་ནས་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།  སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་འབུར་དུ་ཐོན་པར་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་དེ་ལམ་ཐིག་ཇུས་འགོད་དང་ཐོན་རྫས་གསར་སྤེལ།  ལྗོངས་ཁུལ་འཛུགས་སྐྲུན།   སྣེ་ལེན་ཞབས་ཞུའི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱས་ནས་ལྗོངས་ཁུལ་སོ་སོ་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་དྲིལ་སྒྲོག་སློབ་གསོའི་སྒེའུ་ཁུང་གལ་ཆེན་དུ་འགྱུར་བར་བྱེད་དགོས།   ལས་རྣམ་མཉམ་བསྲེས་གསར་གཏོད་ལ་དོ་སྣང་བྱེད་པ་དང་།   ཞིང་ལས་དང་ལུས་རྩལ།   རིག་གནས་ཡུལ་སྐོར།   ཚོང་ལས།  ཁམས་གསོ་བཅས་མཉམ་བསྲེས་ཟབ་མོ་ཡོང་བར་བྱེད་པ།   འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་བསྲེས་མཉམ་སྒུལ་བྱ་བ་བཟང་བོར་བསྒྲུབ་པ་དང་། འཛད་སྤྱོད་དང་ཡུལ་རྣམ་མཉམ་འདྲེས་ཡོང་བར་བྱས་ནས་ཐོན་ལས་མུ་ཕྲེང་རྒྱུན་མཐུད་ངང་རྒྱུན་བསྲིང་བ་དང་རིན་ཐང་མུ་ཕྲེང་མཐོར་འདེགས་གཏོང་དགོས།   ཡུལ་སྐོར་ཞབས་ཞུའི་འདོན་སྤྲོད་ཆུ་ཚད་ཇེ་མཐོར་གཏོང་བ་དང་།   གོ་རིམ་ཧྲིལ་བོའི་ཞབས་ཞུ་ཚད་ལྡན་དུ་གཏོང་བ་འཐུས་ཚང་དང་དོན་འཁྱོལ་བྱེད་པ།    སྒྲིག་ཆས་ཀྱི་མི་འདང་ས་ཁ་གསབ་བྱེད་པ།   གསོ་རླུང་འདང་བའི་འགྲུལ་བཞུད་ཞབས་ཞུའི་མ་ལག་མགྱོགས་མྱུར་འཛུགས་པ་བཅས་བྱས་ཏེ་སྤུས་ལེགས་ཞབས་ཞུར་བརྟེན་ནས་ཡུལ་སྐོར་པས་དགའ་བསུ་ཐོབ་པ་དང་མི་གཡང་འགུག་པའི་རེ་བ་བཏོན།

ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན།    ལྔ་གཅིག་གུང་གསེང་ཐོན་པ་དང་བསྟུན་ནས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རས་ཡུལ་སྐོར་པ་མང་པོའི་དུས་སྐབས་བསུས་ཡོད།    ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བསམ་བཀོད་གཅིག་གི་བསམ་བློ་བརྟན་པོར་འཛུགས་པ་དང་།   ཡུལ་སྐོར་པ་མང་པོའི་དུས་སྐབས་ཀྱི་བཀོད་འདོམས་བཀོད་གཏོང་རྐྱེན་སྲོལ་ནུས་ཡོད་སྒོས་འཁོར་སྐྱོད་བྱེད་པ།    ས་ཁོངས་དང་སྡེ་ཁག་བརྒལ་བའི་མཐུན་སྦྱོར་མཉམ་སྒུལ་ལ་ཤུགས་སྣོན་པ།    ཡུལ་སྐོར་འགྲིམ་འགྲུལ་བདེ་འཇགས་དང་ཟས་རིགས་བདེ་འཇགས།  སྒྲིག་བཀོད་སྒྲིག་ཆས།   མེ་ཟོན་བདེ་འཇགས་སོགས་ཀྱི་ཉེན་ཁ་ཞིབ་བཤེར་དང་དག་ཐེར་བཅོས་སྐྱོང་ནན་མོ་བྱེད་པ།   གནམ་གཤིས་སྔོན་བརྡ་དང་ཡུལ་སྐོར་བདེ་འཇགས་ཀྱི་འཕྲལ་བསྟུན་མཉམ་སྒུལ་ལ་ཤུགས་སྣོན་པ།     ཐོན་ཁུངས་མཉམ་སྤྱོད་དང་འགྲུལ་ཁུངས་མཉམ་སྐྱེལ། ལམ་ཐིག་མཉམ་སྐུལ།  ཟོང་རྟགས་མཉམ་སྐྲུན་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཡུལ་སྐོར་པ་དགའ་སྤྲོའི་ངང་ཡོང་བ་དང་ཡིད་ཚིམས་ནས་ཕྱིར་ལོག་པར་འགན་སྲུང་བྱས་ཏེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་མིང་གྲགས་ཚད་དང་འགུག་ཤུགས་རྒྱུན་མཐུད་ངང་ཇེ་མཐོར་གཏོང་དགོས།

ཁྲིན་ཅི་ཝེ་རྟོག་ཞིབ་ཁྲོད་ཞུགས་པ་མ་ཟད་བཞུགས་མོལ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།