ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་ལྔ་པར་མགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་བཞི་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་གནོད་འགོག་གནོད་འཕྲི་རྒུད་སྐྱོབ་ཀྱི་ནུས་པ་མཐོར་འདེགས་གཏོང་རྒྱུའི་ཐད་ཐུན་མོང་སློབ་སྦྱོང་ཐེངས་ཉེར་ལྔ་པ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་གཅིག་གྱུར་འཆར་འགོད་ཀྱི་འཐབ་ཇུས་མཐོ་ཚད་དུ། གནོད་འགོག་གནོད་འཕྲི་རྒུད་སྐྱོབ་བྱ་བ་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་མ་ཟད། རང་བྱུང་གནོད་འཚེར་དོགས་ཟོན་དང་གདོང་གཏོད་པའི་ནུས་པ་མཐོ་རུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

འཕྲལ་བསྟུན་དོ་དམ་པུའུ་རྒྱལ་ཁབ་རང་བྱུང་གནོད་འཚེ་འགོག་བཅོས་ཞིབ་འཇུག་གླིང་གི་བློ་མཐུན་དབྱང་སི་ཆོན་གྱིས་གནད་དོན་དེར་འགྲེལ་བཤད་བྱས་པ་དང་བྱ་བའི་གྲོས་གཞི་བཏོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་ཏན་གྱིས་ཉན་པ་མ་ཟད་གྲོས་བསྡུར་བྱས།

ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་ལ་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། རང་རྒྱལ་གྱི་ས་རྒྱ་ཆེ་བ་དང་ས་ཁམས་རྙོག་འཛིང་ཆེ་ལ། གནམ་གཤིས་ལ་འགྱུར་ལྡོག་ཆེ་བས། རང་བྱུང་གནོད་འཚེ་མང་པོ་འབྱུང་སླ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་གནོད་འགོག་གནོད་འཕྲི་རྒུད་སྐྱོབ་བཅས་ཀྱི་བྱ་བ་ནི་མི་དམངས་ཀྱི་བདེ་སྡུག་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འདུ་ཤེས་བསྒྱུར་བ་དང་སྒྲིག་སྲོལ་བཅོས་སྒྱུར། མ་ལག་འཛུགས་སྐྲུན། ནུས་པ་མཐོར་འདེགས་སོགས་ཀྱི་ཐད་བཀོད་སྒྲིག་མང་པོ་བྱས་ཤིང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་རང་བྱུང་གི་གནོད་འཚེ་ཚབས་ཆེན་རབ་དང་རིམ་པ་ལས་རྣམ་པར་རྒྱལ་ཏེ་གྲུབ་འབྲས་འཛམ་གླིང་ཡོངས་ཀྱིས་ཁས་བླངས་པ་རེད། ལག་ལེན་གྱི་ཁྲོད་གནོད་འགོག་གནོད་འཕྲི་རྒུད་སྐྱོབ་བཅས་ཀྱི་བྱ་བ་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མཐོ་བ་རྒྱུན་འཁྱོངས་བྱེད་པ། རང་བྱུང་ཆོས་ཉིད་ལ་བརྩི་འཇོག་བྱ་རྒྱུ་རྒྱུན་འཁྱོངས་དང་། སྔོན་འགོག་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས། བཅོས་སྒྱུར་གསར་གཏོད་བྱ་རྒྱུ་རྒྱུན་འཁྱོངས། མ་ལག་འདུ་ཤེས་རྒྱུན་འཁྱོངས། སྤྱི་ཚོགས་མཉམ་བཅོས་རྒྱུན་འཁྱོངས་བཅས་བྱེད་དགོས་པའི་ཤེས་རྟོགས་ཟབ་མོ་བྱུང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གནོད་འཚེའི་ཉེན་ཁ་ཆུང་དུ་གཏོང་བ་དང་། གནོད་འཚེའི་གྱོང་གུན་ཉུང་དུ་གཏོང་བར་གཙོ་བོ་དོན་དག་མ་བྱུང་གོང་ལ་སྔོན་འགོག་བྱེད་རྒྱུ་གལ། འབྱུང་ཁུངས་ནས་འཛིན་སྡོམ་བྱེད་པ་རྒྱུན་འཁྱོངས་བྱས་ནས་བདེ་འཇགས་ཀྱི་བླང་བྱ་དེ་རྒྱལ་ཁོངས་བར་སྟོང་འཆར་འགོད་དང་འཛུགས་སྐྲུན་འཆར་འགོད་སྣ་ཚོགས་ཁྲོད་ཁྱབ་པར་བྱེད་དགོས། མངོན་མེད་རྐྱེན་ངན་ལེབ་བཤེར་བྱ་རྒྱུར་ཤུགས་བསྣན་ནས། གནོད་འཚེ་དང་ཉེན་ཁ་སྣ་ཚོགས་མ་ལག་ལྡན་པར་དབྱེ་དགར་དང་གནད་འཁེལ་དབྱེ་འབྱེད་བྱེད་དགོས། བཟོ་སྐྲུན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། གཙོ་གནད་གྲོང་ཁྱེར་དང་གནོད་འཚེ་བྱུང་ཚད་མང་བའི་ས་ཁུལ་གྱི་འགག་རྩའི་རྨང་གཞིའི་སྒྲིག་བཀོད་ཀྱི་འགོག་སྲུང་ཚད་ལྡན་ལུགས་མཐུན་གྱིས་མཐོ་རུ་གཏོང་དགོས་པ་མ་ཟད་འབྲེལ་ཡོད་ཀྱི་ཞན་ཆ་གང་མགྱོགས་ཀྱིས་ཁ་གསབ་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཚད་མཐའི་བསམ་གཞིགས་དང་མཐར་སོན་བསམ་གཞིགས་བརྟན་པོ་ཆགས་ནས།  གནོད་འཚེ་ཚབས་ཆེན་ལ་ཁ་གཏད་འཇལ་བ་དང་ཐག་གཅོད་བྱེད་ནུས་མུ་མཐུད་དུ་ཇེ་ཆེར་གཏོང་དགོས། གནོད་འཚེ་ཚབས་ཆེན་དང་གནོད་འཚེ་ཚབས་ཆེན་གྱི་ཉེན་ཁར་ཞིབ་འཇུག་བརྡར་གཅོད་གཏིང་ཟབ་བྱེད་པ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། འཕྲལ་བསྟུན་སྔོན་ཇུས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། བདེ་འཇགས་ཆེན་པོ་དང་འཕྲལ་བསྟུན་ཆེན་པོའི་སྒྲོམ་གཞིའི་འོག་གི་འཕྲལ་བསྟུན་བཀོད་འདོམས་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་དང་རྒྱལ་ཁབ་ཀྱི་ས་ཁོངས་འཕྲལ་བསྟུན་རོགས་སྐྱོབ་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཕྱོགས་བསྡུས་རོགས་སྐྱོབ་དང་བར་བརྒལ་བདེ་འགོད། སླར་གསོ་བསྐྱར་སྐྲུན་བཅས་ཀྱི་ལས་ཀ་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པར་བསྒྲུབ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་བྱུང་གནོད་འཚེར་ཁ་གཏད་འཇལ་བའི་ཚན་རྩལ་འདེགས་སྐྱོར་དང་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་དགོས། འཕྲལ་བསྟུན་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ལ་སྐུལ་འདེད་བཏང་ནས། འཕྲལ་བསྟུན་རིག་ཚན་འཛུགས་སྐྲུན་དང་ཤེས་ལྡན་མི་སྣའི་སྐྱེད་སྲིང་ལ་ཤུགས་སྣོན་དགོས་ལ། རང་བྱུང་གནོད་འཚེའི་རྨང་གཞིར་ཞིབ་འཇུག་ཟབ་མོ་བྱེད་པ་དང་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱ་དགོས། འཕྲལ་བསྟུན་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་གནོད་འགོག་གནོད་འཕྲི་རྒུད་སྐྱོབ་བཅས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་སྔར་བས་ཇེ་མཐོར་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། གཞི་རིམ་ནི་རང་བྱུང་གནོད་འཚེ་འགོག་པའི་ཡུལ་དངོས་དང་པོ་ཡིན་པས། གཞི་རིམ་དམ་འཛིན་དང་རྨང་གཞི་ཇེ་བརྟན་དུ་གཏོང་བའི་བྱ་བ་ཐོག་མཐའ་བར་གསུམ་དུ་ལྷོད་གཡེང་གཏོང་མི་རུང་། གཞི་རིམ་གྱི་འཕྲལ་བསྟུན་རོགས་སྐྱོབ་སྟོབས་ཤུགས་མ་ལག་འཐུས་ཚང་དུ་གཏོང་དགོས་ལ། འཕྲལ་བསྟུན་བྱ་ཡུལ་གྱི་འཛུགས་སྐྲུན་དང་དངོས་ཟོག་སྒྲིག་ཆས་ཀྱི་འགན་སྲུང་ཇེ་དྲག་ཏུ་བཏང་ནས། མང་དཔྱད་མང་འགོག་མང་བཅོས་བཅས་དམ་འཛིན་ཡག་པོ་བྱེད་དགོས། ཚན་རྩལ་ཁྱབ་གདལ་དང་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས། དམངས་ཡོངས་ཀྱི་གནོད་འགོག་ཉེན་གཡོལ་གྱི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གནོད་འགོག་གནོད་འཕྲི་རྒུད་སྐྱོབ་བཅས་ཀྱི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་དགོས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་ཁག་གིས་ས་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱས་ཏེ། གཅིག་གྱུར་ཁ་འགྲེམ་ཟུང་འབྲེལ་དང་། སྔོན་འགོག་དང་རྒུད་སྐྱོབ་སྦྲེལ་མཐུད། གོང་འོག་མཉམ་འགུལ་བཅས་རྒྱུན་འཁྱོངས་བྱས་ནས། མཉམ་འཛིན་མཉམ་སྡོམ་དང་མཐུན་སྦྱོར་གཞོགས་འདེགས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་བྱས་ཏེ། འཕེལ་རྒྱས་ལ་མཐོང་ཆེན་དང་བདེ་འཇགས་ལ་སྣང་ཆུང་། རྒུད་སྐྱོབ་ལ་མཐོང་ཆེན་དང་སྔོན་འགོག་ལ་སྣང་ཆུང་སོགས་ཀྱི་ཕྱོགས་ལྷུང་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས། སློབ་གསོའི་གསོ་སྦྱོང་ལ་ཤུགས་བསྣན་ནས། རིམ་པ་ཁག་གི་ལས་བྱེད་པའི་གནོད་འགོག་གནོད་འཕྲི་རྒུད་སྐྱོབ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།