རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་རེ་དྲུག་པ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་རེ་དྲུག་པ་ཚེས29ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མགོ་མཛིན་མཛད།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་གྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཞིན་ཁྲུན་ཡིང་གིས་གནང་བའི་བཙོན་ཁང་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དང་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ་དང་། སྤྱི་ཚོགས་རོགས་སྐྱོབ་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུར་ཉན་ནས། འབྲེལ་ཡོད་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལོའུ་ཆིན་ཅན་གྱིས་གནང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་ཟེར་བྷེ་ཇན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་སྐོར་གྱི་ཆིངས་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཐ་ཇིག་སི་ཐན་སྤྱི་མཐུན་རྒྱལ་ཁབ། ཏུར་མན་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱི་ཡུན་གཏན་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུར་གསན་ནས།  ཆིངས་ཡིག་ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་ཆོད་དོན་འཆར་ཟིན་གྱི་ཚབ་བྲིས་མ་ཟིན་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་ཕུལ་བའི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་གསན།

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་ལིའུ་ཅུན་ཁྲེན་གྱིས་ཕུལ་བའི་གསར་དུ་བསྣན་པའི་མི་དོན་བསྐོ་འཐེན་དོན་ཚན་སྐོར་གྱི་སྙན་ཞུར་གསན།

ཨུ་ཡོན་ཀྲང་གྲོས་ཚོགས་ལས་གོང་གསལ་འཆར་ཟིན་བཟོ་བཅོས་མ་ཡིག་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལས་གྲོས་ཞིབ་བྱ་རྒྱུར་སྤྲོད་རྒྱུའི་ཐག་བཅད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།