ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4པའི་ཚེས29ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ལ། ལས་ཞུགས་ཚོགས་སྤྱི་གསར་པའི་ཞབས་ཞུའི་དོ་དམ་དང་། དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་སྐུལ་འདེད་གཏོང་བ། ས་གཤིས་གནོད་འཆེའི་ཉེན་གཡོལ་གནས་སྤོ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སོགས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མོ་ཙམ་པི་ཁོའི་སྲིད་འཛིན་ཁྲ་པོ་དང་གྲོས་མོལ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་ལག་བསྟར་ཟབ་མོ་བྱས་ཏེ། མཛའ་འབྲེལ་ཞིང་ཆེན་སྦྲེལ་མཐུད་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། ཀྲུང་གོ་དང་མ་ཙམ་པི་ཁོ་དང་། ཀྲུང་གོ་དང་ཧྥེ་གླིང་གི་མཛའ་མཐུན་སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས། ཕྱི་ཕྱོགས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ནུབ་རྒྱུད་སྐམ་མཚོའི་འགྲན་ལམ་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་མྱུར་དུ་འདྲེས་པར་བྱས་ནས། མཚོ་སྔོན་གྱི་གཏམ་རྒྱུད་རྒྱུན་མཐུད་ངང་ལེགས་པོར་འཆད་པ་དང་མཚོ་སྔོན་གྱི་སྐད་གྲགས་ཆོད་པར་བྱས་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་སྒྲུབ་ཐིང་གིས《ལས་ཞུགས་ཚོགས་སྤྱི་གསར་པའི་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》ཞེས་པར་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ཏང་འཛུགས་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་དང་། ལས་ཞུགས་ལ་སྐུལ་སྤེལ་གཏོང་བའི་རྐྱེན་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། ཁེ་དབང་འགན་སྲུང་རྒྱུན་ཆད་མེད་པར་ཤུགས་དྲག་ཏུ་གཏོང་བ། ཞབས་ཞུ་འདོན་སྤྲོད་ལེགས་སྒྱུར་བྱེད་པར་ཤུགས་བཏོན་ནས། ལས་ཞུགས་ཚོགས་སྤྱི་གསར་པར་སྣེ་ཁྲིད་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་སྔར་ལས་ཆེ་བའི་ནུས་པ་འདོན་སྤེལ་བྱེད་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། འཆར་འགོད་སྣེ་ཁྲིད་ཤུགས་དྲག་ཏུ་གཏོང་བ། བདེ་འཇགས་ཚད་མཐའ་ནན་སྲུང་བྱེད་པ། ཁྱད་ལྡན་ཐོན་ལས་གསོ་སྐྱོང་བྱེད་པ། བཀོལ་སྤྱོད་ཡུལ་རྣམ་རྒྱ་བསྐྱེད་པ། གཅིག་འདོམས་དོ་དམ་བཅས་ལ་ཤུགས་བསྣན་ནས། མཚོ་སྔོན་གྱི་མཚོན་བྱེད་ལྡན་པའི་མཐོ་སྒང་གི་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་ཤུགས་ཆེན་པོས་འཛུགས་སྐྲུན་བྱེད་དགོས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་སྐུལ་འདེད་བཏང་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རོགས་སྐྱོར་གྱི་གནད་འཁེལ་རང་བཞིན་དང་ཡུན་ཕན་རང་བཞིན་ཇེ་མཐོར་གཏོང་བ་དང་། ཐོན་ལས་སྤུས་འདེགས་རིམ་སྤོར་ལ་རིགས་དགར་སྐུལ་འདེད་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། རོགས་སྐྱོར་མཐུན་སྦྱོར་རྐྱེན་སྲོལ་བེད་སྤྱོད་ལེགས་པོ་བཏང་ནས། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་སྣང་ཚུལ་མི་འབྱུང་བའི་ཚད་མཐའ་ཡུན་རིང་བརྟན་སྲུང་བྱེད་དགོས།

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང་ཉེ་ལམ་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། ཚན་རྩལ་གསར་གཏོད་ཤུགས་དྲག་ཏུ་བཏང་སྟེ། གསར་གཏོད་མུ་ཕྲེང་དང་ཐོན་ལས་མུ་ཕྲེང་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མྱུར་དུ་གསོ་སྐྱོང་བྱེད་དགོས། སྲིད་འཛིན་བསྐྱར་གྲོས་ལ་བརྟེན་ནས་སྲིད་འཛིན་རྩོད་གཞི་སེལ་བའི་རྒྱུ་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བཟང་པོ་བྱས་ཏེ། སྲིད་གཞུང་གི་བཅོས་སྐྱོང་ནུས་པ་དང་སྤྱི་བའི་ཡིད་རྟོན་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས། སྲིད་གཞུང་གི་ཁྲིམས་འཛུགས་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བར་ཤུགས་བཏོན་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་དང་འགན་སྲུང་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱས་ཏེ། སྤྱིའི་སྐུལ་འདེད་ལ་དོ་སྣང་བྱེད་པ་དང་། མང་ཚོགས་ཀྱི་བྱ་བ་ཡག་པོར་སྒྲུབ་ནས། ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་བྱ་བའི་དམངས་འཚོའི་ལས་དོན་བཟང་པོར་སྒྲུབ་དགོས། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཁྱབ་ཆེར་སྐུལ་སློང་བྱས་ཏེ་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་ནས། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་གྱི་གཞི་རྩ་ཇེ་བརྟན་དུ་གཏོང་དགོས། ལྔ་གཅིག་གུང་གསེང་སྔ་རྗེས་ཀྱི་དཔལ་འབྱོར་འཁོར་སྐྱོད་དང་། བདེ་འཇགས་ཐོན་སྐྱེད། གནོད་འགོག་གནོད་འཕྲི། ལས་རེས་ལས་སྲུང་སོགས་ཀྱི་བྱ་བ་གཅིག་འདོམས་ཡག་པོར་སྒྲུབ་སྟེ། དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་ལེགས་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་ཤུགས་དྲག་ཏུ་བཏང་ནས། སྤྱི་ཚོགས་སྤྱི་ཡོངས་ཀྱི་འཆམ་མཐུན་གཏན་འཇགས་ལ་དོན་དངོས་ཐོག་སྲུང་སྐྱོང་བྱེད་དགོས།

གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི་འཕྲལ་བསྟུན་ཉེན་གཡོལ་གནས་དོ་དམ་བྱེད་ཐབས》དང《མཚོ་སྔོན་ཞིང་ཆེན་གྱིས་ཡུན་རིང་བདག་སྐྱོང་གི་འགན་བཅོལ་ལམ་ལུགས་འཛུགས་པའི་ལག་བསྟར་ཇུས་གཞིར》གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་། གྲོས་ཚོགས་ལས་འཕྲལ་བསྟུན་ཉེན་གཡོལ་གནས་ཀྱི་འཆར་འགོད་དང་། འཛུགས་སྐྲུན། བེད་སྤྱོད། དོ་དམ་བཅས་ལ་སྔར་ལས་ཤུགས་སྣོན་བྱས་ཏེ། ཕྱོགས་བསྡུས་གནོད་འགོག་གནོད་འཕྲི་རྒུད་སྐྱོབ་ནུས་པ་ཇེ་མཐོར་གཏོང་དགོས། ཡུན་རིང་བདག་སྐྱོང་འགན་བཅོལ་ལམ་ལུགས་མྱུར་དུ་བཙུགས་ཏེ། བྱེད་ནུས་ཉམས་པའི་མི་ལ་ཡུན་རིང་བདག་སྐྱོང་བྱེད་པའི་གཞི་རྩའི་འགན་སྲུང་དགོས་མཁོ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོབ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་ཞིང་། ལས་རིམ་ལྟར་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

གྲོས་ཚོགས་ལས་ད་དུང་དོག་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།