ལུའོ་ཏུང་ཁྲོན་གྱིས“ལྔ་གཅིག”གུང་གསེང་སྔ་རྗེས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4པའི་ཚེས29ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས“ལྔ་གཅིག”གུང་གསེང་སྔ་རྗེས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། “རྣམ་ཀུན་སེམས་ཁུར་བྱེད་པའི”འགན་འཁྲིའི་སེམས་དེ“དོན་ཀུན་གདེང་ཚོད་ཡོད་པའི”བྱ་སྤྱོད་ནུས་ཤུགས་སུ་བསྒྱུར་ནས། ཚད་གཞི་མཐོ་བ་དང་བླང་བྱ་ནན་མོ། བྱེད་ཐབས་དངོས་བཅས་ཀྱི་ཐོག་ནས་བདེ་འཇགས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱས་ཏེ། ཀྲུང་དབྱང་གི་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ལས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་ཡོ་བསྲང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། “ལྔ་གཅིག”གུང་གསེང་སྔ་རྗེས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོར་བསྒྲུབ་སྟེ། བདེ་འཇགས་ཐད་ཀྱི་ཉེན་ཁ་སྣ་ཚོགས་སྔོན་འགོག་དང་སེལ་བར་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

མཚོ་སྔོན་རོན་ཏི་བཟོ་ཚོང་ཚད་ཡོད་ཀུང་སིར་ཡོང་ནས་ལུའོ་ཏུང་ཁྲོན་གྱིས་ཡུལ་དངོས་སུ་བདེ་འཇགས་ཉེན་ཁའི་འཛིན་སྡོམ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་ཚུལ་ལ་ལྟ་ཞིབ་བྱས།  ཁོས་བདེ་འཇགས་ནི་ཕན་འབྲས་ཆེ་ཤོས་ཡིན་པའི་འདུ་ཤེས་བརྟན་པོ་ཆགས་པ་དང་། ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་གྱི་གཏན་འཁེལ་ཚད་གཞིར་སློབ་སྦྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ། ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཁེ་ལས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ། ལས་ཞུགས་མི་སྣའི་བདེ་འཇགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ལྟ་ཞིབ་ཚད་ལེན་སྒྲིག་ཆས་སོགས་འགག་རྩའི་སྒྲིག་བཀོད་བརྟན་པོ་དང་ནུས་ཆེའི་ངང་འཁོར་སྐྱོད་ཐུབ་པའི་འགན་སྲུང་བཅས་བྱས་ཏེ་ངོ་བོའི་བདེ་འཇགས་ཆུ་ཚད་རྒྱུན་མཐུད་མཐོར་འདེགས་དང་། བདེ་འཇགས་ཐོན་སྐྱེད་ཀྱི་མ་མཐའི་ཚད་ཐིག་བརྟན་སྲུང་བྱ་དགོས་ཞེས་བསྟན།

ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་གྱི་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གི་སྨན་ཁང་ལྷོ་ཁུལ་གྱི་ནད་ཁང་སྒྱུར་བཀོད་རིམ་སྤོར་འཛུགས་སྐྲུན་ལས་གཞི་བྲེལ་འཚུབ་ངང་ལས་བཞིན་ཡོད། ལུའོ་ཏུང་ཁྲོན་ལས་གཞི་འཛུགས་སྐྲུན་བྱ་ཡུལ་དུ་བསྐྱོད་དེ། ལས་གཞི་འཛུགས་སྐྲུན་གྱི་མྱུར་ཚད་དང་བདེ་འཇགས་འགོག་སྲུང་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུར་ཉན་པ་དང་། ཨར་ལས་ལས་ཁུངས་ལ་བདེ་འཇགས་ཐོན་སྐྱེད་ཀྱི་ཚད་ཐིག་འདུ་ཤེས་དང་མ་མཐའི་བསམ་གཞིགས་ཇེ་དྲག་ཏུ་བཏང་སྟེ། ཨར་ལས་བདེ་འཇགས་ཀྱི་ཞིབ་ཕྲའི་འཛིན་སྡོམ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དམ་འཛིན་ཏན་ཏིག་བྱེད་པ། བདེ་འཇགས་ཀྱི་ཉེན་ཁ་སྣ་ཚོགས་གནད་ལ་འཁེལ་བའི་ངང་དབྱེ་འབྱེད་དང་ཐག་གཅོད་ནུས་ལྡན་བྱེད་པ། ཁེ་ལས་ཀྱི་ལས་མི་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། ཁེ་ལས་ཀྱི་བདེ་འཇགས་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ནས“ཚང་མས་བདེ་འཇགས་ལ་དང་དོད་དང་ཚང་མས་འཕྲལ་སྡོམ་ཤེས་པའི”རྣམ་པ་བཟང་པོ་ཆགས་སུ་བཅུག་སྟེ། སྤུས་ལེགས་བདེ་འཇགས་དང་མང་ཚོགས་ཀྱིས་སེམས་བདེ་བའི་སྤུས་དག་བཟོ་སྐྲུན་ཤུགས་ཆེར་བསྐྲུན་དགོས་པ་ནན་མངག་བྱས།

གྲོང་ཁྱེར་མཁར་དབུས་ཁུལ་སེམས་ཀྱི་ཉི་ཟླའི་ཚོང་ལས་ཁུལ་དུ་ལུའོ་ཏུང་ཁྲོན་གྱིས་ཡུལ་དངོས་སུ། མེ་ཟོན་བདེ་འཇགས་དང་། འབར་རླངས་བདེ་འཇགས་བེད་སྤྱོད། འཕྲལ་སྡོམ་ཁ་འགྲེམ་བགྲོད་ལམ་ཤར་གཏོང་ཐུབ་པ་སོགས་ལ་ཞིབ་བཤེར་བྱས།  ཁོས་ནན་གྱིས་བསྟན་དོན། ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་ཆེ་གྲས་ཀྱི་མི་སྣ་མང་འདུས་དང་། ལས་རྣམ་སྣ་མང་། ཉེན་ཁ་རྩེག་སྣོན་སོགས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། གཞི་གྲངས་ཆེན་པོ་དང་དཔེ་རྣམ་ཆེན་པོ་སོགས་སྔོན་ཐོན་ལག་རྩལ་བྱེད་ཐབས་གང་ལེགས་སྤྱད་དེ། བདེ་འཇགས་དུས་བབ་ལ་ཕྱོགས་བསྡུས་ཞིབ་འཇུག་དང་བརྡར་ཤ་གཅོད་རྒྱུར་མུ་མཐུད་ཤུགས་སྣོན་བྱས་ཏེ། མེ་ཟོན་དང་གློག་སྤྱོད། སོལ་རླངས་སྤྱོད་པ། ཁ་འགྲེམ་བགྲོད་ལམ་སོགས་གཙོ་གནད་གནས་ཀྱི་བདེ་འཇགས་འཛིན་སྡོམ་ལ་གཅིག་འདོམས་དམ་འཛིན་ཡག་པོ་བྱས་ནས། སྔར་བས་བདེ་འཇགས་དང་གོ་རིམ་ལྡན་པའི་འཛད་སྤྱོད་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས། བདེ་འཇགས་ཤེས་བྱ་ཁྱབ་གདལ་དང་དངོས་འཐབ་ཅན་གྱི་འཕྲལ་སྡོམ་འཁྲབ་སྦྱོང་རྒྱུན་རྣམ་ཅན་དུ་སྤེལ་ནས། ལས་ཞུགས་མི་སྣའི་བདེ་འཇགས་བྱང་ཚད་དང་འཕྲལ་སྡོམ་ཐག་གཅོད་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། མང་འགོག་མང་བཅོས་དང་མཉམ་འགོག་མཉམ་སྡོམ་བཅས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས།

རྟོག་ཞིབ་ཁྲོད་ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། “ལྔ་གཅིག”གུང་གསེང་སླེབས་ལ་ཉེ་ཞིང་། མི་དང་རླངས་འཁོར་དང་ཟོང་འགྲུལ་ཚད་མཐོར་གཅིག་འདུས་ཆེ་བས། བདེ་འཇགས་སྔོན་འགོག་གི་གནོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པར་བརྟེན། གཅིག་བསྡུས་ཕྱིར་སྐྱོད་དང་མི་ཚོགས་མང་ས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན། ཆུ་འབྲུབ་གནོད་འཚེ་སོགས་མངོན་གསལ་དོད་པའི་ཉེན་ཁར་ཚད་མཐོའི་དོ་སྣང་བྱེད་དགོས།  དེང་སྐབས་ཀྱི་ཁྱབ་ཁོངས་ཁག་གི་བདེ་འཇགས་སྔོན་འགོག་ལས་དོན་ཡག་པོ་སྒྲུབ་པ་དང་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པར་ཟུང་འབྲེལ་དམ་ཟབ་བྱས་ནས། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱ་རྒྱུ་རྒྱུན་འཁྱོངས་དང་། “ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། མཉམ་འཛིན་མཉམ་སྡོམ། འགན་འཛོལ་འགན་འཁྲི་བདའ་འདེད”དང“དོ་དམ་གསུམ་དང་ངེས་པར་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། བདེ་འཇགས་ཐོན་སྐྱེད་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་འགུལ་སྐྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བདེ་འཇགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ཏན་ཏིག་དང་ཞིབ་ཕྲ། གྲལ་བཤེར་བཅོས་སྒྲིག་བཅས་བྱས་ཏེ། ལས་འཛོལ་ཚབས་ཆེན་འབྱུང་བར་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱས་ནས། བྱ་སྤྱོད་དངོས་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱིས་བདེ་འཇགས་དང་འཆམ་མཐུན་ངང་དུས་ཆེན་རོལ་བར་ཁག་ཐེག་བྱ་དགོས།

ཀྲང་ཅིན་ཀང་རྟོག་ཞིབ་ལ་ཞུགས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།