ཐད་གཏོང་དུ་འཚོང་བའི་ཁ་པར་གྱི་ཁ་བསླུས་བྱེད་སྟངས་འདི་ལ་གཟབ་དགོས་པའི་དྲན་སྐུལ་ཀྲུང་དབྱང་བརྙན་འཕྲིན་ནས་གནང་འདུག ཁྲོམ་རའི་རིན་གོང་སྒོར་ཁྲི་ཡན་གྱི་སྤུས་རྟགས་ཁ་པར་ཞིག་དྲ་རྒྱའི་ཐད་གཏོང་གི་སྒང་ནས་སྒོར199ཡིས་ཉོ་ཐུབ། འདི་ལ་ཡིད་སེམས་མི་འཕྲུལ་བ་སུ་ཞིག་ཡོད། ཉོ་མཁན་གྱིས་ད་ནི་དྲ་སྒང་ནས་གོང་དམའ་བའི་སྤུས་རྟགས་ཅན་གྱི་ཁ་པར་ཞིག་ཉོ་ཐུབ་སོང་སྙམ་ནས་ཡོད་དུས་རང་ཉིད་ཏན་ཏན་གཞན་གྱི་སླུ་འོག་ཏུ་ཚུད་ཟིན་པ་ག་ལ་རྟོགས།
ཉེ་ལམ། ལའོ་ཉིང་ཅིན་ཀྲོའུ་ཡི་ཉེན་རྟོག་ཕྱོགས་ཀྱིས་དྲ་རྒྱའི་ཐད་གཏོང་གི་ཚོང་འགུགས་ཁྲོད་དུ་ཚོང་ཟོག་རྫུན་མ་འཚོང་བའི་ཁ་བསླུས་གྱོད་དོན་ཞིག་རྩད་ཆོད་ཅིང་། དེ་ནི་འབྲེལ་ཐག་གི་གོ་རིམ་ཧྲིལ་བོར“གོང་ཧ་ཅང་དམའ་བའི་ཁ་པར་སྤུས་ལེགས་འཕྲོག་ཉོ”བྱེད་ཆོག་ཅེས་མི་སེམས་སླུ་འགུགས་ལ་བརྟེན་ནས་ས་ཁོངས་གཞན་ནས་གཡོ་འཚོང་རྒྱག་པའི་ཚོགས་པ་ཞིག་རེད།

ཡུལ་དེའི་ཉེན་རྟོག་ཕྱོགས་ཀྱིས་ཟླ་ཕྱེད་ལྷག་གི་རིང་ལ་ཐད་གཏོང་ཁང་དེར་དོ་སྣང་གཟབ་ནན་བྱས་པ་ན། ཉིན་རེའི་ཐད་གཏོང་གི་ཁ་གྲངས་གཏན་འཇགས་མིན་ཞིང་། ཐེངས་རེར་ཆུ་ཚོད་སྐར་མ་ཧ་ལམ20ཙམ་ལས་ཐད་གཏོང་མི་བྱེད་ཅིང་། ལྟ་མཁན་གྱི་མི་གྲངས་མི300ཡས་མས་ཡིན་ལ། ཆེས་མང་པ་མི500ལས་བསླེབས་ཀྱི་མེད།
དྲ་དཔོན་གྱིས་ཐོག་མཐའ་བར་གསུམ་དུ་སྒོར199དང་། སྒོར299ཡི་རིན་གོང་ཐོག་ནས་ཁ་པར་ལྟེབ་ངོས་ཅན་ཕྱིར་འཚོང་བྱེད་ཅིང་། ལན་རེར་ཞེན་མི་འཕར་ན་རིན་མེད་ཀྱིས་གནང་རྒྱུ་ཡིན་ཚུལ་བརྗོད་པར་མ་ཟད། ཐད་གཏོང་གི་ཨང་གྲངས་ཡང་ཡང་བརྗེ་ནས་ཐད་གཏོང་བྱེད། ཡ་མཚན་པ་ཞིག་ལ་ཐད་གཏོང་ཁང་དུ་ཡོང་མཁན་གྱི་ནང་དུ་ཉོ་མཁན་གཅིག་ཀྱང་མེད་པ་དེ་རེད།
ཉེན་རྟོག་པས་རྩད་གཅོད་བྱས་པ་ན། ཐད་གཏོང་དེ་གཞུང་གཉེར་ཀྱི་འཕྲིན་སྟེགས་སུ་སྤེལ་བཞིན་ཡོད་ན་ཡང་། ཉོ་ཚོང་གི་གོ་རིམ་དངོས་དེ་འཕྲིན་སྟེགས་དེ་ག་མ་ཡིན་པར་ཕྱོགས་གསུམ་པའི་མཉེན་ཆས་སྟེང་ནས་སྒྲུབ་ཀྱི་འདུག དྲ་དཔོན་གྱིས་ཐད་གཏོང་ཁང་གི་གོང་དམའ་བའི་ཉོ་ཚོང་གི་སླུ་བྲིད་ལ་བརྟེན་ནས་ཞེན་མི་དག་ཚོགས་པ་གཅིག་གི་ནང་དུ་དྲངས་རྗེས། གཞུང་གཉེར་མ་ཡིན་པའི་འཕྲིན་སྟེགས་གཞན་ནས་སྦྲེལ་ཐག་བསྐུར་ཏེ་ཁ་བསླུས་རྒྱག་པ་ཡིན་པས། དེར་གཡོ་ཚོང་གི་ཉེན་ཁ་ཤིན་ཏུ་ཆེ་བ་རྟོགས་ཏེ་ལམ་སེང་དཔྱད་ཞིབ་བྱས།
ཉེན་རྟོག་ཕྱོགས་ཀྱིས་ཐད་གཏོང་ཁང་དེར་ཁ་བསླུས་ཀྱི་ཉེས་དམིགས་ཡོད་པ་ཐག་བཅད་རྗེས། དཔང་དངོས་རྩད་ཞིབ་བྱེད་མགོ་བརྩམས་པ་མ་ཟད། དེའི་གོ་རིམ་ཁྲོད་བསམ་ཡིད་ལས་འདས་པ་ཞིག་ལ་མི500ལྷག་གཡོ་འོག་ཏུ་ཚུད་ཡོད་པར་མ་ཟད། ཚུད་མཁན་དེ་ཚོས་ཁ་པར་མངག་ཉོ་བྱས་རྗེས། དངོས་ཟོང་ལག་ཏུ་མ་འབྱོར་ཡང་ཉེན་རྟོག་ལ་ཞུ་གཏུག་མཁན་གཅིག་ཀྱང་མེད་པ་ཤེས། དེ་དོན་ཅི་ཞིག་ཡིན་སྐོར་ཉེན་རྟོག་པས་དབྱེ་ཞིབ་བྱས་ན། དངོས་པོ་དེ་རྫུན་མ་ཡིན་རུང་། སྒོར200ནི་མང་པོ་ཞིག་མིན་པས། འཛད་སྤྱོད་པས་ཚོད་ལྟ་ཙམ་གྱི་རྣམ་འགྱུར་ཐོག་ནས་གལ་ཏེ་བདེན་པ་ཡིན་ན་སྙམ་པའི་རེ་བ་དེ་ཙམ་བཟུང་ནས་ཉོས་པ་རེད།
དེ་ནི་ཁ་བསླུས་མཁན་གྱིས་གཡོ་འོག་ཏུ་ཚུད་སླ་བའི་མིའི་རིགས་འདིའི་སེམས་ཁམས་རྟོགས་ནས་བཤམས་པའི་སླུ་ཐབས་ཤིག་རེད། སྒོར་བརྒྱ་ཉིས་བརྒྱ་མང་པོ་མིན་པས། ཤོར་ཡང་རང་སྡུག་ཉོས་པ་ཙམ་དང་། ཡང་ན་རྒྱན་ཤོག་ཉོས་ནས་རྒྱན་མ་ཐོབ་པའམ་ཡང་ན་བོར་བརླག་ཏུ་སོང་བ་ལྟ་བུའི་ཇི་མི་སྙམ་པའི་སེམས་ཁམས་དེ་རེད།
རྩད་ཞིབ་བྱས་པ་བརྒྱུད་དེ་ཉེན་རྟོག་པ་ཁ་བསླུས་རྒྱག་མཁན་གྱི་ཚང་དུ་འཛུལ་ནས་ཞིབ་བཤེར་བྱས་ཤིང་། ཁྱོན་དོགས་ཡོད་ཉེས་ཅན20འཛིན་བཟུང་བྱས།
ཉེན་རྟོག་ཕྱོགས་ཀྱིས་རྩད་འདྲི་བརྒྱུད། ཁ་བསླུས་ཚོགས་པ་དེར་ལས་བགོ་ཧ་ཅང་གསལ་བོ་ཡོད་དེ། ཧུང་ཆེ་གེ་མོ་ནི་ཀུང་སིའི་ཁྲིམས་བཀོད་འཐུས་མི་དང་ཚོགས་པའི་གཙོ་འགན་ཡིན་པའི་ཆ་ནས་གཅིག་གྱུར་འཆར་འགོད་དང་དོ་དམ། ཐད་གཏོང་གཉེར་སྐྱོང་། དྲ་ཐོག་འབྲེལ་སྦྱོར་དང་ཁེ་ཕན་ལེན་མཁན་གྱི་འགན་འཁུར་ཡོད། པའེ་ཆེ་གེ་མོ་དང་ལི་ཆེ་གེ་མོ་གཉིས་ཀྱིས་ཐད་གཏོང་གི་བར་སྟོང་ཚོད་འཛིན་དང་སྐུ་མགྲོན་གྱི་མོས་བབ་བསྟུན་མཁན་རེད། ཀའོ་ཆེ་གེ་མོ་སོགས་མི་གསུམ་གྱིས་དྲ་དཔོན་གྱི་འགན་ཁུར་ཏེ། གཏམ་བཤད་གྱི་རྩལ་བཏོན་ནས་གཡོ་འགུགས་བྱེད་མཁན་ཡིན། ཀྲའོ་ཆེ་གེ་མོ་དང་ཉེ་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་དང་ཡང་ན་དངོས་མིང་ཐོ་འགོད་ཀྱི་ལམ་ནས་མགྱོགས་འཕྲིན་དང་། འཁྱུག་དབྱིངས་ཀྱི་མིང་ཐོ་མིང་པོ་ཐོ་འགོད་བྱས་ཏེ། ཁ་བསླུས་བྱ་སྤྱོད་ལ་རྩིས་ཐོ་ཡི་རམ་འདེགས་བྱེད་པ་རེད།
འདྲི་རྩད་བྱས་པ་ལས། ཁོས་ཚོས“གོང་ཧ་ཅང་དམའ་བའི་སྒོ་ནས་ཁ་པར་སྤུས་ལེགས་འཕྲོག་ཉོ་བྱེད་ཆོག”ཅེས་མི་སེམས་འགུག་པའི་གཏམ་ལ་བརྟེན་ནས་དྲ་རྒྱའི་ཐད་གཏོང་སྒང་གི་མི་མང་པོ་ཞིག་ཚུར་བཀུགས་རྗེས། ཚང་མ་ཞེན་མིའི་ཚོགས་པར་བཅུག་པ་དང་། དེ་ནས་ཚོང་ཟོང་ཉོ་བའི་དྲ་སྦྲེལ་རྫུན་མ་བསྐུར་ནས་དེ་གར་སྒོར་མོ་བསྐུར་དུ་འཇུག་པ་དང་།སྒོར་མོ་ལག་ཏུ་འབྱོར་རྗེས་ཐད་ཀར་ནག་རྡུང་དུ་རྒྱག་པའམ་བསུབས་པ་དང་། ཡང་ན་ཁག་ཐེག་མ་དངུལ་དང་། འགྲོ་ལུགས་གྲོན་དངུལ་དགོས་པ་སོགས་ལ་ཁ་གཡར་ནས་མཐའ་མར་ཡེ་ནས་འབྲེལ་ཐག་བཅད་པ་ཡིན་ཟེར།
ཁ་བསླུས་དེར་ཚུད་སླ་བའི་མིའི་རིགས་གཉིས།
གཅིག་ནི་དྲ་ཚོང་རྒྱག་དགའ་བ་དང་། ཐད་གཏོང་དུ་འཕྲོག་ཉོ་བྱེད་པར་དགའ་བའི་མི་གཞོན་དར་རིགས་ཡིན་ཏེ། ཁོ་ཚོས་དུས་རྒྱུན་ཐད་གཏོང་སྒང་ནས་ཐོན་རྫས་ཉོ་དུས་གོང་ཚད་དམའ་བའི་རིགས་འདེམ་ཉོ་ལ་མོས་པ་ཆེ་བས། གོང་ཚད་ཧ་ཅང་དམའ་བའི་ཐོན་རྫས་གཡོ་ཚོང་གི་འོག་ཏུ་ཚུད་སླ། གཉིས་ནི་དར་མ་དང་རྒན་རྒོན་གྱི་རིགས་ཏེ། ཁོ་ཚོར་ཐད་གཏོང་གི་ཕྱིར་ཚོང་སྒྲིག་སྲོལ་ལ་ཤེས་རྟོགས་མེད་པ་དང་། དྲ་རྒྱའི་ཁ་བསླུས་ཀྱི་གསལ་འབྱེད་ནུས་པ་ཞན་པ། འཕྲིན་སྟེགས་ཀྱི་རྒྱུན་ལྡན་ཉོ་ཚོང་གི་གོ་རིམ་ལ་གསལ་ཆ་མེད་པ་བཅས་ཀྱི་དབང་གིས་དྲ་དཔོན་གྱི་ཁྲམ་བཤད་ལ་ཡིད་ཆེས་ཏེ་སྒེར་ནས་མ་དངུལ་བསྐུར་སླ་བ་ཡིན།
ཉེན་རྟོག་པའི་གསལ་འདེབས་བྱེད་དོན། དེ་ནི་ཐད་གཏོང་གི་ལས་རིགས་ཁྲོད་མཉམ་འདྲེས་ཅན་གྱི་ཁ་བསླུས་རྒྱག་སྟངས་གསར་པ་ཞིག་རེད། ཁ་བསླུས་ཀྱི་གོ་རིམ་ཡོངས་ཨ་ལོང་བཞིན་ཚགས་དམ་བཟོས་ཏེ། དམིགས་སུ་མང་ཚོགས་ཀྱི་རིན་གོང་དམའ་བོའི་ཐོན་རྫས་ཉོ་སྒྲུབ་ཀྱི་སེམས་ཁམས་བེད་སྤྱད་ཡོད་པ་སོགས་བརྒྱུད་རིམ་རེ་རེ་སླུ་བྲིད་ཀྱི་འོབ་དོང་རེ་རེ་ཡིན་པས་དོགས་ཟོན་གནང་རྒྱུ་གལ་ཆེ།