ཟླ4བའི་ཚེས27ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་ཞབས་ཞུའི་ལས་རིགས་ཚོགས་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་ལ། དགོས་མཁོའི་སྣེ་ཁྲིད་དང་བཅོས་བསྒྱུར་སྲ་བརྟན། ཚན་རྩལ་གྱི་མཐུན་རྐྱེན། སྒོ་འབྱེད་མཉམ་ལས་བཅས་འབུར་ཐོན་ཡིན་པ་དང་། ཞབས་ཞུའི་ལས་རིགས་ཀྱི་ནུས་སྐྱེད་སྤུས་འདེགས་འགུལ་སྐྱོད་གཏིང་ཟབ་སྒོས་ལག་བསྟར་བྱས་ཏེ། ཞབས་ཞུའི་ལས་རིགས་སྤུས་ལེགས་ནུས་མཐོའི་ངང་འཕེལ་རྒྱས་འགྲོ་བར་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་རྒྱུན་མཐུང་ངང་གསོ་སྤེལ་བྱེད་དགོས།
མཚོ་སྔོན་ཞིང་ཆེན་ཆུ་བེད་ཆུ་གློག་བཤེར་འཇལ་འཆར་འགོད་ཇུས་འགོད་ཞིབ་འཇུག་ཁང་ཚད་ཡོད་ཀུང་ཟིར་སོང་སྟེ། ལུའོ་ཏུང་ཁྲོན་གྱིས་ཁེ་ལས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་དང་གཙོ་གནད་ལས་གཞིའི་བཤེར་འཇལ་ཇུས་འགོད་དང་ཚན་རྩལ་གསར་གཏོད་བེད་སྤྱོད་གསར་བ་སོགས་ཀྱི་གནས་ཚུལ་ལ་ཞིབ་ཚགས་ངང་རྒྱུས་ལོན་བྱས། ཁེ་ལས་ཀྱིས་གོམ་གང་མདུན་སྤོས་སྒོས་མཐོ་སྒང་གི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པར་སྐུལ་འདེད་བཏང་བ་དང་། ཆུའི་ཐོན་ཁུངས་བཀོད་སྒྲིག་དང་ཆུའི་སྐྱེ་ཁམས་ལ་སྲུང་སྐྱོབ། དག་གཙང་ནུས་ཁུངས་འཕེལ་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ཚན་རྩལ་གསར་གཏོད་ཀྱིས་ཐོན་ཁུངས་བཀོད་སྒྲིག་སྔར་ལས་ལེགས་བསྒྱུར་དང་ཐོན་ལས་མཐུན་སྦྱོར་སྔར་ལས་བདེ་བླག་ཡོང་བར་སྐུལ་འདེད་གཏོང་བ་དང་། སྦྲེལ་ཐག་ཧྲིལ་བོའི་ཞབས་ཞུའི་ནུས་པ་མཐོར་གདེགས་བཏང་སྟེ། ཧུར་ཐག་གིས་སྔར་ལས་མང་བའི་ཚན་རྩལ་གྲུབ་འབྲས་ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”ཆུའི་བདེ་འཇགས་འགན་སྲུང་སོགས་འཆར་འགོད་སྒྲིག་བཟོའི་ཁྲོད་ཟབ་ཞུགས་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་ཞབས་ཞུ་ལ་བརྟེན་ནས་ཧུར་ཐག་གིས་རྒྱལ་ཁབ་གཙོ་གནད་འཐབ་ཇུས་དང་ཞིང་ཆེན་ཡོངས་ཀྱི་ཆུའི་བདེ་འཇགས་འགན་སྲུང་གི་ཇུས་ཆེན་ཁྲོད་མཉམ་འདྲེས་བྱེད་དགོས་པར་སྐུལ་འདེད་བཏང་།
ཀྲུང་ཧྥང・བདེ་སྐྱིད་གླིང་ག་སཱ་ཨར་སི་པའོ་ཁམས་གསོ་ལྟེ་གནས་སུ། ལུའོ་ཏུང་ཁྲོན་གྱིས་ཡུལ་དངོས་ནས་ཚོང་གཉེར་གནས་ཚུལ་དང་རྒན་པ་དང་འཚམ་པའི་ཞབས་ཞུ་སྤེལ་བ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། རྒན་པ་དག་ལག་བཟོས་གསར་གཏོད་བྱེད་སྒོར་ཞུགས་བཞིན་པ་མཐོང་སྐབས། ལུའོ་ཏུང་ཁྲོན་ཁོ་ཚོའི་མདུན་དུ་སོང་སྟེ་བྱམས་བརྩེའི་ངང་འཚམ་འདྲི་དང་གླེང་མོལ་བྱས་ཏེ། ཁོ་ཚོར་བདེ་སྐྱིད་ལྡན་ཞིང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས། ཁོས་བཤད་རྒྱུར། རྒན་གསོའི་ཞབས་ཞུ་ནི་དམངས་འཚོ་བདེ་སྐྱིད་དང་འབྲེལ་བ་དམ་ཟབ་ཡོད་ལ། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སྤུས་འདེགས་རིམ་འཕར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན། ཡུལ་བབས་དང་བསྟུན་ནས“སྡེ་ཁུལ་དུ་ཟབ་ཞུགས་བྱེད་པའི”རྒན་གསོའི་ཞབས་ཞུའི་རྣམ་པ་ཁྱབ་བརྡལ་དུ་གཏོང་བ་དང་། སྔར་ལས་སྒེར་གཤིས་ཅན་དང་ཞིབ་ཚགས་ཅན། སྤྱི་ཕན་ཅན་བཅས་ཀྱི་འཕེལ་རྒྱས་ལ་གཙིགས་ཆེན་བྱས་ཏེ། རྒན་གསོའི་ཞབས་ཞུ་ལ་འདོན་སྤྲོད་ཁ་སྣོན་དང་རྣམ་པ་གསར་གཏོད། སྤུས་ཚད་མཐོར་འདེགས་བཅས་ལ་སྐུལ་འདེད་གཏོང་བ་དང་། མེ་ཟོན་བདེ་འཇགས་སོགས་ཀྱི་བྱ་བ་ཏན་ཏིག་གིས་ལེགས་པོར་སྒྲུབ་ནས། རྒན་གསོའི་ཞབས་ཞུ་སྔར་ལས་མིའི་སེམས་ལ་འབབ་པ་དང་། མང་ཚོགས་ཀྱི་སྣ་མང་རང་བཞིན་གྱི་རྒན་གསོའི་ཞབས་ཞུའི་དགོས་མཁོ་སྔར་ལས་ལྷག་པའི་སྒོ་ནས་སྐོང་ཐུབ་བྱེད་པར་བྱེད་དགོས་ཟེར།
ཀྲུང་གོ་ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དུ་ལུའོ་ཏུང་ཁྲོན་གྱིས་ནན་ཏན་སྒོས་དངོས་གཞིའི་དཔལ་འབྱོར་ལ་ཞབས་ཞུ་དང་གྲོང་གསེབ་དར་སྤེལ་ལ་གཞོགས་འདེགས། དངུལ་རྩའི་ཚན་རྩལ་གསར་གཏོད་སོགས་ཀྱི་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་། ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། འགན་ཁུར་གཙོ་བོ་དང་ལས་སྒོ་གཙོ་བོ་ཟབ་སྤེལ་བྱེད་པ། བཅོས་བསྒྱུར་གསར་གཏོད་གཏིང་ཟབ་བཅས་བྱས་ཏེ། ཏན་ཏིག་གིས་དངུལ་རྩའི“བྱེད་ཐབས་ཆེན་པོ་ཁག་ལྔ”ཏན་ཏིག་གིས་སྒྲུབ་པ་དང་། ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་པ། དངོས་གཞིའི་ཚོང་གཉེར་སྟོབས་ལྡན་དང་གསོ་སྐྱོང་བྱེད་པ། འཕེལ་རྒྱས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་པ་སོགས་ཀྱི་ཕྱོགས་ནས་སྤུས་ལེགས་ཞབས་ཞུ་འདོན་སྤྲོད་བྱེད་པ། གཙོ་གནད་ཐོན་ལས་ཀྱི་སྦྲེལ་ཐག་སྟོབས་ལྡན་དང་སྦྲེལ་ཐག་ཁ་གསབ། སྦྲེལ་ཐག་རྒྱུན་བསྲེངས་བཅས་ལ་སྔར་ལས་རྒྱབ་སྐྱོར་བཅས་བྱས་ཏེ། དོན་དངོས་ཐོག་དངུལ་རྩའི་ཉེན་ཁ་འགོག་སྲུང་སྟོབས་ལྡན་དུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་སྟོབས་དང་ལྡན་པའི་དངུལ་རྩའི་སྒུལ་ཤུགས་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།
རྟོག་ཞིབ་ཁྲོད། ལུའོ་ཏུང་ཁྲོན་གྱིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”དུས་སྐབས་སུ། མཚོ་སྔོན་འཐབ་ཇུས་ཀྱི་གོ་གནས་ཁྱོན་ཡོངས་ནས་གོང་འཕེལ་འགྲོ་བའི་དུས་སྐབས་དང་སྐྱེ་ཁམས་ཀྱི་དགེ་མཚན་བརྗེ་བསྒྱུར་བྱེད་པའི་གནད་འགག་གི་དུས་སྐབས། དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་དང་མཐོར་འདེགས་གཏོང་བའི་དུས་སྐབས་བཅས་སུ་ཐོན་ཡོད་པས། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུ་དང་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ལ་སྦས་ཤུགས་ཆེན་པོ་དང་ཁོད་ཡངས་པའི་བར་སྟོང་ཡོད། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ཏེ། རྒྱ་བསྐྱེད་ནུས་པ་དང་སྤུས་འདེགས་ནུས་པ་ཟུང་འབྲེལ་བྱས་ནས། འཕེལ་རྒྱས་དང་ལྟ་ཞིབ་དོ་དམ་སྤྱི་འདོམས་རྒྱུན་འཁྱོངས་བྱེད་དགོས་ལ། རྒྱུན་མཐུད་ངང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞབས་ཞུའི་ལས་རིགས་ཀྱི་ཁྱབ་ཁོངས་ལ་བཅོས་བསྒྱུར་གཏིང་ཟབ་བྱེད་པ། ཞབས་ཞུའི་ལས་རིགས་ཀྱི་ཁོར་ཡུག་ལེགས་བསྒྱུར་བྱེད་པ། ཚོང་གཉེར་དངོས་གཞིའི་གསོན་ཤུགས་སྐུལ་སྤེལ་བྱེད་པ། དེང་རབས་ཅན་གྱི་ཞབས་ཞུའི་ལས་རིགས་དང་ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན། འགན་སྲུང་དང་དམངས་འཚོ་ལེགས་བཅོས་སོགས་མཉམ་འདྲེས་འཕེལ་རྒྱས་ཀྱི་བར་སྟོང་ཧུར་ཐག་གིས་རྒྱ་བསྐྱེད་བཅས་བྱས་ཏེ། ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཞེས་བསྟན།