ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་རྨ་ལྷོ་ཁུལ་དུ་སོང་ནས་འབྲེལ་ཡོད་ཁྲིམས་འཛུགས་བྱར་བར་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4བའི་ཚེས22ཉིན་ནས་ཚེས24ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་རྟོག་ཞིབ་ཚན་ཆུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དང་ཧི་ནན་སོག་རིགས་རང་སྐྱོང་རྫོང་དུ་སོང་ནས་མཚོ་སྔོན་ཞིང་ཆེན་བརླན་སའི་སྲུང་སྐྱོབ་དང་། རྨ་ལྷོ་ཁུལ་ཐུན་རིན་ལོ་རྒྱུས་རིག་གནས་ཀྱི་མཁར་གྲོང་གྲགས་ཅན་ལ་སྲུང་སྐྱོབ། ཧི་ནན་རྫོང་མཁར་གྲོང་གི་རྣམ་པའི་དོ་དམ་དང་སྲུང་སྐྱོབ་སོགས་སྲོལ་ཡིག་གི་ཁྲིམས་འཛུགས་བྱ་བར་རྟོག་ཞིབ་བྱས་པ་དང་། དུས་མཉམ་དུ་གྲོང་གསེབ་དར་སྤེལ་ལ་སྐུལ་ཁྲིད་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་ཧི་ནན་རྫོང་ཉིན་མཐའ་རྨ་ཆུའི་གྲོག་རོང་ཆེན་མོ་དང་ཐུན་རིན་གྲོང་ཁྱེར་རོང་བོ་རྒྱ་མཁར་སོགས་སུ་སོང་ནས། སྲོལ་ཡིག་ཁག་གསུམ་གྱི་ཁྲིམས་འཛུགས་སྐུལ་འདེད་དང་རྨ་ལྷོ་ཁུལ་དབྱར་རྩྭ་དགུན་འབུའི་སྲུང་སྐྱོབ་དང་བེད་སྤྱོད། ཁྲིམས་འཛུགས་བྱ་བའི་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས་པ་དང་། བཞུགས་མོལ་གྲོས་ཚོགས་བསྡུས་ནས་ཁྲིམས་འཛུགས་གནས་ཚུལ་གྱི་སྙན་ཞུར་ཉན་པར་མ་ཟད། འབྲེལ་ཡོད་བསམ་ཚུལ་དང་གྲོས་གཞི་བསྡུ་ལེན་བྱས།

རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཁྲིམས་འཛུགས་བྱ་བའི་ཁྲོད། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་དགོས་ལ། ཏང་གིས་ཁྲིམས་འཛུགས་བྱ་བར་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ། དམངས་ཆེན་གྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ས་གནས་ཀྱི་ཁྲིམས་འཛུགས་བྱ་བའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ལ་ཁག་ཁུར་བྱེད་དགོས། ཡུས་དངོས་དང་པོར་ཟབ་ཞུགས་བྱས་ཏེ་དོན་དངོས་ཀྱི་གནས་ཚུལ་ཁོང་དུ་ཆུད་པར་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་དམངས་དང་ཁྲིམས་ཚབ་པ། རྩ་འཛུགས་གཞན་གྱི་ཁེ་དབང་དང་འོས་འགན། རྒྱལ་ཁབ་ལས་ཁུངས་ཀྱི་ཁེ་དབང་དང་འགན་ཁུར་འོས་འཚམ་སྒོས་གཏན་ཁེལ་བྱས་ཏེ། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་དགོས། མི་དམངས་ལྟེ་བར་བྱས་ཏེ། གོ་རིམ་ཧྲིལ་བོར་མི་དམངས་དམངས་གཙོ་ལག་བསྟར་བྱེད་པ་དང་། ཕྱོགས་སོ་སོའི་ཁེ་ཕན་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པ། ཁྲིམས་འཛུགས་ཀྱི་བྱེད་ཐབས་ལ་བརྟེན་ནས། བཅོས་སྐྱོང་གི་གྲུབ་འབྲས་ལེགས་འགྲུབ་བྱེད་དགོས། ཁྲིམས་སྐྱོང་གཅིག་གྱུར་ལ་སྲུང་སྐྱོབ་བྱས་ཏེ། ཁྲིམས་ལྟར་ཁྲིམས་འཛུགས་པ་རྒྱུན་འཁྱོངས་དང་། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་སོགས་ཁྲིམས་ལུགས་གོང་མ་དག་ལ་འབྲེལ་མཐུད་དམ་ཟབ་བྱེད་པ། རྩ་དོན་དང་མི་འགལ་བ་དམ་སྲུང་བྱེད་པ། ས་གནས་ཀྱི་དངོས་ཡོད་ས་ཁོངས་ཁྱད་ཆོས་དང་ཟུང་འབྲེལ་བཅས་བྱས་ཏེ། སྲོལ་ཡིག་གི་ཁ་གཏད་རང་བཞིན་དང་དངོས་ཕན་རང་བཞིན་ཆེར་བསྐྱེད་བྱེད་དགོས། ཁུལ་དང་རྫོང་གི་དམངས་ཆེན་གྱིས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་དམངས་ཟབ་ཞུགས་ཀྱི་བརྒྱུད་ལམ་རྒྱ་བསྐྱེད་བྱེད་དགོས་ལ། སྡོད་ཁང་འཛུགས་སྐྲུན་དང་ནགས་རྩྭའི་སྡེ་ཁག་གིས་ཆེད་ལས་འདེགས་སྐྱོར་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བྱེད་པ་དང་། ཞིང་ཆེན་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གིས་ཁྲིམས་མཐུན་རང་བཞིན་དང་འོས་འཚམ་རང་བཞིན། ལག་བསྟར་ཆོག་པའི་རང་བཞིན་་བཅས་ཀྱི་འགག་སྒོ་དམ་པོར་སྲུང་ནས། དོན་དངོས་ཐོག་ཁྲིམས་འཛུགས་ཀྱི་སྤུས་ནུས་མཐོར་འདེགས་དང་། སྲོལ་ཡིག་ཁྲིམས་འཛུགས་གཏན་ཁེལ་བྱེད་ཐུབ་པ་དང་ལག་བསྟར་བྱེད་ཐུབ་པ། བྱེད་ནུས་ཐོན་ཐུབ་པ་བཅས་ལ་ཁག་ཐེག་བྱེད་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།