ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་དུ་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4པའི་ཚེས27ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་དེ་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།    “སྐོར་གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པ། “དམངས་ཕན་བྱ་སྤྱོད་སྣ་བདུན”གཏིང་ཟབ་ཏུ་སྤེལ་བ། “དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་ནི་སྲིད་འབྲས་ཆེས་ཆེ་བ”ཡིན་པ་བཅས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན།  

ཝུའུ་ཞའོ་ཅུན་མཚོ་བྱང་ཁུལ་གྱི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་བྱ་བའི་ཆེད་དོན་འཛིན་གྲྭ་དང་། རྐང་ཚ་རྫོང་གི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་གཞུང་སྒྲུབ་ཁང་དུ་སོང་ནས་འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན། སློབ་སྦྱོང་སློབ་གསོ་སྤེལ་བ་དང་གཅིག་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་གཉིས་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ལོ་རྒྱུས་ལས་ལྷག་པའི་གནད་དོན་ཐག་གཅོད་བྱེད་པ་དང་འཕྲིན་བཅར་གྱི་གནད་དོན་སེལ་བ། དམངས་ཕན་བཟོ་སྐྲུན་དངོས་འབེབ་བྱས་ནས་མང་ཚོགས་ཀྱི་རེ་འདུན་སྐོང་བ་བཅས་བརྒྱུད་དེ། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་ཕན་འབྲས་བརྟག་བཤེར་བྱ་དགོས། འཕྲེད་ཀྱི་མཐའ་ཟིན་དང་གཞུང་གི་མཐིལ་ཐུག་པའི་འགན་འཁྲིའི་མ་ལག་འཛུགས་པ་དང་། “འགོ་ཁྲིད་དང་པོས”སྣེ་ཁྲིད་དེ་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱེད་པ།    ས་གནས་སོ་སོའི་ཐད་གཅོད་བྱེད་དཀའ་བའི་གནད་དོན་ཐག་གཅོད་པར་མཛུབ་སྟོན་བྱས་ཏེ   གནད་དོན་ཐག་གཅོད་དང་བྱ་བར་སྐུལ་འདེད། སྤྱོད་ཚུལ་སྒྱུར་བ་བཅས་དངོས་གནས་མངོན་འགྱུར་བྱེད་དགོས།     རུལ་སུངས་འབྱུང་རྩ་ནས་མཐའ་གཅིག་ཏུ་གཙང་སེལ་བྱས་ཏེ། གཟབ་ནན་མཐའ་འཁྱོལ་གྱི་བརྡ་རྟགས་དྲག་པོ་མུ་མཐུད་དུ་བཏང་ནས།   གྱོད་དོན་ལ་བརྟེན་ནས་སློབ་གསོ་དང་བཅོས་སྒྱུར། བཅོས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བ་དང་།     དབང་ཆ་དང་འཁོར་སྐྱོད་ཀྱི་ལྟ་སྐུལ་ཚོད་འཛིན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་པ་ནན་གྱིས་བསྟན།

རྐང་ཚ་རྫོང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ། ཝུའུ་ཞའོ་ཅུན་བཅར་འདྲི་སྣེ་ལེན་ཚོམས་ཆེན་དང་མི་དམངས་འདུམ་སྒྲིག་ཁང་དུ་བསྐྱོད་དེ། དམངས་འཚོ་མངའ་ཁོངས་ཀྱི་འཕྲིན་བཅར་གནད་དོན་གཅིག་སྡུད་བཅོས་སྐྱོང་གནས་ཚུལ་འདྲི་རྩད་ནན་མོ་བྱས་པ་དང་། མང་ཚོགས་ཀྱི་བྱ་བའི་བསམ་ཕྱོགས་དང་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས། གྱོད་དཔེ་རེ་རེའི་ཁྲོད་ནས་ཐུན་མོང་རང་བཞིན་ཀྱི་ཆོས་ཉིད་ཕྱོགས་སྡོམ་བྱེད་མཁས་པར་བྱས་ཏེ། “གཟུ་བཤད་དེ་འདུམ་འགྲིག་བྱེད་པ”སོགས་ཀྱི་ཉམས་མྱོང་དང་བྱེད་སྟངས་ཡག་པོ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ།     བརྩེ་བས་སེམས་འགུལ་ཐེབས་པ་དང་གནས་ལུགས་ཤེས་སུ་བཅུག་སྟེ་འགལ་བ་དང་རྩོད་གཞི་སེལ་བའི་བྱ་བ་ཡག་པོ་སྒྲུབ་ནས། གཞི་རིམ་བཅོས་སྐྱོང་གི་སྤུས་འབྲས་ལེགས་གཏོང་དང་།     ཚོར་སྣང་དང་ལེན་བྱེད་ཐུབ་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

སློབ་གསོ་དང་སྨན་བཅོས་ནི་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་དམངས་འཚོས་དོན་ཆེན་ཡིན། རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་ཆུང་དང་། རྐང་ཚ་རྫོང་མི་དམངས་སྨན་ཁང་དུ། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་སུ་སློབ་རའི་ཟ་མ་དང་སློབ་གསོའི་རོགས་སྐྱོར།     སློབ་ལྭ་ཆེད་དམིགས་བཅོས་སྐྱོང་དང་སྨན་བཅོས་མངའ་ཁོངས་ཀྱི་འབུར་ཐོན་གནད་དོན་གཅིག་སྡུད་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། སློབ་རའི་ཟས་རིགས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ་དང་། སློབ་ལྭ་ཉོ་སྒྲུབ་དང་སློབ་ཁྲིད་རམ་འདེགས་མངག་ཉོ་ཚད་ལྡན་དུ་གཏོང་བ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་བཀོད་སྤྱོད་ལེགས་པོ་བྱས་ཏེ་སློབ་གཉེར་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ནས། སློབ་མའི་ལུས་སེམས་བདེ་ཐང་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།    ནུས་ཤུགས་ཡོད་རྒུས་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། ས་གནས་ཀྱི་ནད་དང་དལ་བའི་རང་བཞིན་གྱི་ནད་འགོག་བཅོས་དོ་དམ་ནན་མོ་དང་ཞིབ་ཚགས་བྱེད་པ།     བདེ་ཐང་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་ལས་དོན་ཡག་པོ་སྒྲུབ་དགོས་པ་ནན་གྱིས་བསྟན།

གཉིས་གཉིས་གཅིག་རྟེན་གཞིའི་གནས་ཡུལ་རྙིང་པའི་ཡན་ལག་བཟོ་གྲྭ་གསུམ་པ་རུ། ཝུའུ་ཞའོ་ཅུན་གྱིས་གནས་ཡུལ་རྙིང་པའི་བེད་སྤྱོད་སྲུང་སྐྱོབ་དང་གསར་བརྗེའི་ཞིབ་སློབ།     ལས་བྱེད་པའི་སློབ་གསོ་གསོ་སྦྱོང་སོགས་ཀྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། གསར་བརྗེའི་ཐོན་ཁུངས་སྲུང་སྐྱོབ་ཡག་པོ་དང་བཀོལ་སྤྱོད་ཡག་པོ་བྱེད་པ་དང་། སློབ་ཚན་བཀོད་སྒྲིག་དང་བྱེད་ནུས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། ལྗོངས་རྣམ་མང་བ་དང་ལས་རིགས་མང་པོ་རུ་ལས་སྐྲུན་བྱེད་པའི་རྒན་རབས་པའི་འབད་འཐབ་རྗེས་ཤུལ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་མངོན་པར་བྱས་ཏེ།     སྒྲོག་འགྲེལ་འཇོན་མིའི་གསོ་སྐྱོང་ལ་ཤུགས་སྣོན་པ་དང་“མདེལ་གཉིས་སྐར་གཅིག”གི་བསམ་བློའི་ནང་དོན་འགྲེལ་བཤད་ཡག་པོ་བཅས་བྱས་ཏེ། གསར་བརྗེའི་སློབ་གསོ་རྟེན་གཞིའི་མི་སྣ་གསོ་སྐྱོང་གི་ཕན་འབྲས་མཐོ་རུ་གཏོང་དགོས་པ་ནན་གྱིས་བསྟན།

ཚའོ་ཅུན་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།