​ཞིང་ཆེན་ཡོངས་ཀྱི་ལས་བཟོ་བའི་དཔེ་ཀློག་གྲུབ་འབྲས་འགྲེམ་སྟོན་བྱེད་སྒོ་ཟི་ལིང་དུ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4ཚེས27ཉིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་ཀྲུང་གོའི་ཕུགས་འདུན་སྐྲུན། ངལ་རྩོལ་ཤིན་ཏུ་མཛེས་ཞེས་པ་སྟེ། དཔེ་ཀློག་ཡག་པོ་བྱས་ནས་དུས་རབས་ཀྱི་འཛུགས་སྐྲུན་པ་བརྩོན་ལེན་བྱེད་ཅེས་པའི་ཞིང་ཆེན་ཡོངས་ཀྱི་ལས་བཟོ་བའི་དཔེ་ཀློག་གྲུབ་འབྲས་འགྲེམ་སྟོན་བྱེད་སྒོ་མཚོ་སྔོན་ཟློས་གར་ཁང་ཆེན་མོ་རུ་སྤེལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏ་ནན་བྱེད་སྒོར་ཞུགས།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱེད་སྒོར་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་ཐོན་ལས་སོ་སོ། ཐད་གཏོགས་བཟོ་ཚོགས་བཅས་ཀྱིས་ཡར་སྤྲོད་བྱས་པའི་བརྩམས་ཆོས་གང་མང་ཁྲོད་བརྩམས་ཆོས་ལེགས་ཤོས་བཅུ་གཉིས་བདམས་ཏེ་གར་སྟེགས་སུ་འགྲེམ་སྟོན་བྱས་པ་རེད། འཁྲབ་ཚན་ལ་བརྗོད་དོན་གཙོ་བོའི་གྱེར་ཀློག་དང་ལྗོངས་རྣམ་གར་སྟེགས་ཟློས་གར། ཟློས་གར་རི་མོ་ཅན་སོགས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའ་ིའཁྲབ་སྟོན་རྣམ་པ་སྣ་མང་འདུས་ཡོད་ལ། དཔེ་ཀློག་དང་ངལ་རྩོལ་མཉམ་འདྲེས་གཏིང་ཟབ་བྱེད་པའི་ཐུན་མོང་མ་ཡིན་པའི་མཛེས་སྡུག་གསོན་ཉམས་དོད་པའི་སྒོ་ནས་མངོན་པར་བྱས། བྱེད་སྒོའི་མགོ་མཇུག་བར་གསུམ་དུ་དུས་རབས་གསར་པའི་མཚོ་སྔོན་ལས་བཟོ་བ་རྣམས་བགྲོད་ལམ་གསར་བར་འབད་པས་བསྐྱོད་པ་དང་། དུས་རབས་གསར་བར་བྱས་རྗེས་འཇོག་པའི་སྙིང་སྟོབས་མཚོན་པར་བྱས་ཡོད་པ་དང་། དཔེ་ཀློག་ལ་དགའ་བ་དང་དཔེ་ཆ་ལེགས་པོ་ཀློག་པ། དཔེ་ཀློག་བྱེད་མཁས་པའི་རྣམ་པ་བཟང་བོ་འཛུགས་སྐྲུན་བྱས། ཉིན་དེར། འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བྱེད་སྒོར་ཞུགས་པ་དང་། ཟི་ལིང་གྲོང་ཁྱེར་དང་ཞིང་ཆེན་ཁོངས་གཏོགས་ཀྱི་ཐོན་ལས་ཁ་ཤས། ཐད་གཏོགས་བཟོ་ཚོགས་ཀྱི་འཐབ་ཕྱོགས་དང་པོའི་ལས་བཟོ་བའི་འཐུས་ཚབ་བཅས་མི་སྟོང་ལ་ཉེ་བ་ཡུལ་དངོས་སུ་ཡོང་ནས་འཁྲབ་སྟོན་ལ་བལྟས། བྱེད་སྒོ་དུས་མཉམ་དུ་དྲ་ལམ་ནས་ཐད་གཏོང་བྱས་པ་དང་། བསྡོམས་པས་ཐད་གཏོང་ལ་བལྟ་མཁན་མི་ཐེངས་འབུམ་གཅིག་དང་ཁྲི་དྲུག་སྟོང་གཉིས་ལ་སླེབས་ཤིང་། ཡུལ་དངོས་དང་དྲ་ཐོག་གཉིས་སུ་ལས་བཟོ་བའི་དཔེ་ཀློག་གི་ཁོར་ཡུག་བཟང་པོ་མཉམ་དུ་ལོངས་སྤྱོད་བྱས།

ཉེ་བའི་ལོ་ཤས་རིང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ལས་བཟོ་བའི་རིག་གནས་གཡུལ་ས་འཛུགས་སྐྲུན་བྱེད་ཚད་རྒྱུན་མཐུད་ངང་ཆེ་རུ་བཏང་བ་དང་། བསྡོམས་པས་སྒོར་བྱེ་བ་གཉིས་དང་ས་ཡ་གསུམ་ལྷག་བཏང་སྟེ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ལས་བཟོ་བའི་དཔེ་ཁང་ཉིས་བརྒྱ་གོ་གསུམ་དང་ཞིང་ཆེན་རིམ་པའི་ལས་བཟོ་བའི་དཔེ་ཁང་དགུ་བརྒྱ་ང་ལྔ་སྐྲུན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ལས་བཟོ་བའི་དཔེ་ཁང་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། རྣམ་པ་སྣ་མང་གི་དཔེ་ཀློག་བརྗེ་རེས་བྱེད་སྒོ་སྤེལ་ནས་དཔེ་ཀློག་ལ་དགའ་བའི་བཟོ་ཚོགས་དང་དཔེ་ཀློག་ལ་དགའ་བའི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།