
(འཕྲིན་གཏོང་པ། རྟ་མགྲིན་འཚོ)ཟླ4པའི་ཚེས26ཉིན། རིག་གནས་སྤེལ་རེས་དང་མཉམ་འདྲེས་ཀྱི་མཐོངས་ནས་མདོ་དབུས་མཐོ་སྒང་གི་ལྷ་རབས་དང་བཀྲ་བྷའི་དེབ་གསར《བོད་ཀྱི་ལྷ་རབས་ཀྱི་འཕེལ་རིམ་ལ་དཔྱད་པ》ཡི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བསྡུས་པ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། ཀྲུང་གོ་མི་རིགས་ཡིག་སྒྱུར་ལྟེ་གནས། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ། ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན་བཅས་ཀྱི་འབྲེལ་ཡོད་ཆེད་ལས་མཁས་པ་ཚོགས་འདུར་ཞུགས།

《བོད་ཀྱི་ལྷ་རབས་ཀྱི་འཕེལ་རིམ་ལ་དཔྱད་པ》ཞེས་པ་ནི་ཀྲུང་དབྱང་མི་རིཊ་སློབ་ཆེན་གྱི་དགེ་རྒན་ཆེན་མོ། བོད་ཀྱི་དེང་རབས་རྩོམ་རིག་ཁ་ཕྱོགས་ཀྱི་འབུམ་རམས་པའི་འཛུབ་སྟོན་དགེ་རྒན་བཀྲ་བྷས་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐད་ཀྱི་གཙོ་གནད་ལས་གཞི་སྟེ《བོད་ཀྱི་ལྷ་རབས་འཚོལ་བསྡུ། དག་སྒྲིག་དང་ཞིབ་འཇུག》ཅེས་པའི་ཞིབ་འཇུག་མཐའ་འབྲས་ཡིན་པ་དང་།《མདོ་དབུས་མཐོ་སྒང་གི་མི་རིགས་སོ་སོའི་ལྷ་རབས་འཚོལ་བསྡུ། དག་སྒྲིག་དང་ཞིབ་འཇུག》ཅེས་པ་ནི་སྤྱི་ལོ2025ལོར་བཀྲ་བྷས་ཡར་ཞུ་བྱས་ཏེ་ཆོག་མཆན་ཐོབ་པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐད་ཀྱི་གཙོ་གནད་ལས་གཞི་རེད། དགེ་རྒན་ཆེན་མོ་བཀྲ་བྷས་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐད་ཀྱི་གཙོ་གནད་ལས་གཞི་དེ་གཙོ་སྐྱོང་བྱེད་སྐབས། བོད་ཀྱི་ལྷ་རབས་གཞིར་བཟུང་ནས་ལྷ་རབས་སྐོར་དང་རིམ་པ་ཞིག་གསར་རྩོམ་བྱས་པ་ན། རིག་གཞུང་གྲོས་ཚོགས་འདུའི་སྐབས་སུ་མཁས་པ་རྣམས་ཀྱིས་བཀྲ་བྷས་གཙོ་སྐྱོང་བྱས་པའི་ལས་གཞིའི་ཞིབ་འཇུག་མཐའ་འབྲས་ཏེ་རིག་གཞུང་ཆེད་དེབ《བོད་ཀྱི་ལྷ་རབས་ཀྱི་འཕེལ་རིམ་ལ་དཔྱད་པ》ཞེས་པ་ནི་རིག་གཞུང་རིན་ཐང་དང་། ལས་གཞི་གསར་བའི་རིག་གཞུང་ཁྱབ་ཁོངས། ལྷ་རབས་སྒྲུང་གཏམ་གསུམ་ག་དམིགས་སུ་བཟུང་སྟེ་རིག་གཞུང་བགྲོ་གླེང་བྱས།

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་རིང་ཐར་ཀྱིས་བོད་ཀྱི་ལྷ་རབས་ཞིབ་འཇུག་གི་གལ་ཆེན་རང་བཞིན་དང་། རྒན་བཀྲ་བྷའི་རྩོམ་རིག་ལས་དོན་ཐད་ལ་བཞག་པའི་ལག་རྗེས་དང་སྒོས་སུ་བོད་ཀྱི་ལྷ་རབས་ཞིབ་འཇུག་ཐད་ཀྱི་གྲུབ་འབྲས་ལ་གདེང་འཇོག་གནངས་པ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། འབུམ་རམས་པའི་སློབ་སྟོན་དགེ་རྒན་བཙུན་པོ་དོན་འགྲུབ་ཀྱིས་དམངས་ཁྲོད་རྩོམ་རིག་ཁྲོད་ཀྱི་མཉམ་བསྲེས་བསྣོལ་སྡེབ་ཀྱི་དོན་བརྗོད་སྣང་ཚུལ་སྐོར་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ལྕགས་རྡོར་རྒྱལ་ལགས་ནས“རབས”ཞེས་པའི་རྩོམ་ལུས་རིགས་དབྱེ་དང་དེའི་དོན་བརྗོད་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་དབང་མཆོག་འབུམ་ལགས་ནས་བོད་ཀྱི་སྔ་རབས་མ་སངས་ཀྱི་སྒྲུང་དང་གླིང་སྒྲུང་གི་འབྲེལ་བའི་སྐོར་ནས་གཏམ་བཤད་གནངས། དགེ་རྒན་ཆེན་མོ་བཀྲ་བྷའི་རིག་གཞུང་དཔྱད་དེབ་གསར་བ《བོད་ཀྱི་ལྷ་རབས་ཀྱི་འཕེལ་རིམ་ལ་དཔྱད་པ》ཞེས་པ་གླེང་སྐབས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་སྐལ་བཟང་དར་རྒྱས་ལགས་ནས། ཆེད་དེབ་འདི་ཉིད་ལས་འཕྲོས་ཏེ་བོད་རང་ཅག་གི་སྔ་རབས་དང་དམངས་ཁྲོད་ཡིག་ཆ་སྔོག་འདོན་གྱི་གལ་ཆེན་རང་བཞིན་དང་། ལྷ་རབས་བརྗོད་གཞི་དེང་རབས་སྒྲུང་གཏམ་དུ་འདྲེན་པའི་དགེ་མཚན་གཞིར་བཟུང་ནས་རིག་གཞུང་ལྟ་བ་བརྗོད་ཅིང་། ཀྲུང་གོའི་མི་རིགས་སྐད་ཡིག་ལོ་ཙཱ་ལྟེ་གནས་ཀྱི་རྒན་ཨོ་རྒྱན་དང་ཀྲུང་དབྱང་མི་རིཊ་སློབ་ཆེན་དགེ་རྒན་ཆེན་པོ་བཀའ་མགོན་གཉིས་ཀྱིས《བོད་ཀྱི་ལྷ་རབས་ཀྱི་འཕེལ་རིམ་ལ་དཔྱད་པ》དེབ་གསར་འདི་ཉིད་ཀྱི་བཀླགས་ཚོར་དང་སྦྲགས་ནས་དེབ་གསར་འདི་ཉིད་ཀྱི་བརྗོད་བྱ་དང་ཁྱད་ཆོས་སྐོར་ལ་གདེང་འཇོག་བྱས་པ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ། འབུམ་རམས་པའི་སློབ་སྟོན་དགེ་རྒན་ཨ་བྱམས་བན་ཏེ་མཁར་གྱིས《དགེ་རྒན་ཆེན་པོ་བཀྲ་བྷའི་ལྷ་རབས(རྩོམ་རིག)ཞིབ་འཇུག་གི་རང་མྱོང་དང་རིག་པ་གསར་འཛུགས》དང་། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་གཡག་བུ་དཔལ་རྩལ་ཀྱིས《བཀྲ་བྷ་ཡི་བོད་ཀྱི་ལྷ་རབས་འཕེལ་རིམ་ཞིབ་འཇུག་གི་ཁྱད་ཆོས་ཁག་ཅིག་གླེང་བ》ཞེས་པ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་གཡུ་རྔོག་ཚེ་རིང་བཀྲ་ཤིས་ཀྱིས《ལྷ་རབས་རིག་པའི་མཐོང་སྣེ་ནས“སྤྲེའུ་དང་བྲག་སྲིན་མོའི”སྒྲུང་གི་མ་དཔེ་དང་གབ་དོན་གླེང་བ》ཞེས་པ་དང་། མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་འཁྱམ་རུ་གནམ་ལྷ་རྒྱལ་ལགས་ནས《བཀྲ་བྷའི་ལྷ་རབས་སྒྲུང་གཏམ་སྐོར་གྱི་རིན་ཐང་དང་བསམ་གཞིགས》ཞེས་པ་དམིགས་སུ་བཟུང་ནས་རང་གི་རིག་གཞུང་གི་ལྟ་བ་བརྗོད།

ཀྲུང་དབྱང་མི་རིཊ་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་སྐོར་ཞིག་ཀྱང་རིག་གཞུང་གྲོས་ཚོགས་ལ་ཞུགས་ཏེ་རང་གི་ཞིབ་འཇུག་ཐད་ཀྱི་གྲུབ་འབྲས་སྙན་ཞུར་ཕུལ། འབུམ་རམས་པ་དཔལ་རྒྱམ་གྱིས《དོན་བརྗོད་ཀྱི་མཐུན་འགྱུར་རང་བཞིན། གླིང་སྒྲུང་གི་ཡིག་ཆའི་འགྲེལ་ཚུལ་ཞིག》ཅེས་པ་དང་། འབུམ་རམས་པ་འཇམ་དབྱངས་སངས་རྒྱས་ཀྱིས《རྩོམ་རིག་མིའི་རིགས་རིག་པའི་ཟུར་ནས་གནའ་བོའི་སྨྲང་གི་གོ་དོན་དང་དེའི་ཁྱད་ཆོས་སྐོར་ལ་དཔྱད་པ》འབུམ་རམས་པ་རྟ་མགྲིན་འཚོས《བོད་ཀྱི་ལྷ་རབས་སྒྲུང་གཏམ་ལས་མངོན་པའི་ལོ་རྒྱུས་དངོས་བཤད་གླེང་པ》འབུམ་རམས་པ་ཀུན་བཟང་དོན་འགྲུབ་ཀྱིས《སྒྲུང་ནས་སྒྲུང་གཏམ། བཀྲ་བྷའི་ལྷ་རབས་སྒྲུང་གཏམ་གྱི་དོན་བརྗོད་རིགས་ལམ་དང་ཐབས་ལམ》ཤེས་རམས་པ་པ་སངས་སྲི་དར་ལགས་ནས《བོད་ཀྱི་ཡིག་རྙིང་ཁྲོད་ཀྱི་ལྷ་སྒྲུང་གི་སྤྱི་འགྲོས་ཤིག་སྟེ་འགྲེང་མགོ་ནག་གི་རྗེར་གཤེགས》ཞེས་པ་ཁ་བྱང་བྱས་ཏེ་རིག་གཞུང་སྙན་ཞུ་ཕུལ།

བཀྲ་བྷས་སྔ་ཕྱིར་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སོགས་སུ་སྒྲུང་གཏམ་དང་ལྷུག་རྩོམ། སྙན་ངག རིག་གཞུང་དཔྱད་རྩོམ་སོགས་བརྩམས་ཆོས་ཉིས་བརྒྱ་ལ་ཉེ་བ་ཙམ་སྤེལ་མྱོང་བ་མ་ཟད། ད་དུང《སྒྲོལ་མ་ཉེར་གཅིག》དང《འཚུབ་མ་ཁེར་རྐྱང》《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》《བྱ་ལེན་མ》《རླུང》《བོན་གྱི་ལྷ་རབས་ལ་དཔྱད་པ》《ཁྲི་འདུས་སྲོང་གི་མགུར་གླུ་ལ་དཔྱད་པ》《བོད་ཀྱི་ལྷ་རབས་ཀྱི་འཕེལ་རིམ་ལ་དཔྱད་པ།》《རྩོམ་རིག་ཕུ་བརྗོད་མདོ་བརྗོད》《རཱ་མ་ཎའི་རྟོགས་བརྗོད་ཀྱི་འགྲེལ་པ》《སྒྲུང་གཏམ་གསར་རྩོམ་ལ་འཇུག་པའི་སྒོ》《རྩོམ་པ་ལ་འཇུག་པའི་སྒོ》《གསར་འགྱུར་རྩོམ་པ་ལ་འཇུག་པའི་སྒོ》《སློབ་ཆེན་རྩོམ་རིགས》སོགས་སྒྲུང་གཏམ་དང་། རིག་གཞུང་ཆེད་དེབ། སློབ་དེབ་སོགས་པར་སྐྲུན་བྱས་པ་དང་། བརྩམས་ཆོས་འགའ་ཞིག་ཧྥ་རན་སི་དང་། དབྱིན་ཇུ། ཉི་ཧོང་སོགས་ཀྱི་སྐད་དུ་བསྒྱུར། བཀྲ་བྷའི་རྩོམ་རིག་བརྩམས་ཆོས་རྣམས་ལས་སྒྲུང་འབྲིང《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ》ཞེས་པར་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི“ན་གཞོན་རྩོམ་རིག་བྱ་དགའ”ཐོབ་པ་དང་། སྒྲུང་འབྲིང《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》དང《ནས》གཉིས་ལ་སོ་སོར་སྐབས་གསུམ་པ་དང་བདུན་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ། སྒྲུང་འབྲིང་ཕྱོགས་བསྒྲིགས《འཚུབ་མ་ཁེར་རྐྱང》ལ་སྐབས་བཅུ་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི“རྟ་མཆོག་བྱ་དགའ”བྱ་དགའ་བཅས་ཐོབ། དེ་མིན། ཀྲུང་དབྱང་མི་རིགས་སློབ་ཆེན་དུ་དགེ་རྒན་གྱི་ལས་ཀ་གཉེར་རྗེས། སྔ་གཞུག་ཏུ་འཇར་མིན་དང་། དབྱིན་ཇུ། ཁཱ་ན་ཏ། ཉི་ཧོང་སོགས་ལ་ཕྱིན་ཏེ་རིག་གཞུང་གྲོས་ཚོགས་ལ་ཞུགས་པ་མ་ཟད། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐད་ཀྱི་གཙོ་གནད་ལས་གཞི་སྟེ《བོད་ཀྱི་ལྷ་རབས་འཚོལ་བསྡུ། དག་སྒྲིག་དང་ཞིབ་འཇུག》ཅེས་པ་གཙོ་སྐྱོང་བྱས། བཀྲ་བྷས་རྩོམ་རིག་གསར་རྩོམ་དང་། རྩོམ་རིག་ཞིབ་འཇུག རྩོམ་རིག་སློབ་ཁྲིད་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་པའི་རྐྱེན་གྱིས། སྤྱི་ལོ2013ལོར་པེ་ཅིན་གྲོང་ཁྱེར་གྱི་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ་པ་དང་། སྤྱི་ལོ2014ལོར་པའོ་ཀང་ཕུལ་བྱུང་དགེ་རྒན་ལས་ཁྱད་འཕགས་བྱ་དགའི་མིང་འདོན་བྱ་དགའ་ཐོབ་པ་ཡིན་ནོ།།