དཔེ་ཀློག་ནི་བློ་གྲོས་འཕེལ་བའི་ཐབས་ལམ་ཡིན།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར།

དཔེ་ཀློག་ནི་བློ་གྲོས་འཕེལ་བའི་ཐབས་ལམ་ཡིན།

མི་ཉག་འོད་ཟེར།

སྤྱི་ལོ2026ལོ་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས31པ་དང་རང་རྒྱལ་གྱིས«དམངས་ཡོངས་ཀྱི་དཔེ་ཀློག་སྐུལ་འདེད་སྲོལ་ཡིག»དངོས་སུ་ལག་བསྟར་གནང་བའི་ལོ་ཞིག་ཡིན། སྲོལ་ཡིག་འདི་ནི་དཔེ་ཀློག་གི་བྱེད་སྒོ་དེ་ཁྲིམས་ལུགས་ཀྱི་རྨང་གཞིའི་ཐོག་ནས་རྒྱ་སྐྱེད་གཏོང་བའི་གལ་ཆེའི་བྱེད་ཐབས་ཤིག་ཡིན་ཞིང་། དཔེ་ཀློག་ནི་སྒེར་གྱི་དགའ་མོས་ཙམ་མ་ཡིན་པར་རྒྱལ་ཁབ་དང་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་དང་འབྲེལ་བའི་འགན་འཁྲི་ཞིག་ཡིན་པར་གཏན་འབེབས་གནང་ཡོད། འཛམ་གླིང་དཔེ་ཀློག་ཉིན་མོ་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས“འཛམ་གླིང་དཔེ་དེབ་དང་པར་དབང་ཉིན་མོ”ཞེས་པ་བརྗོད་གཞི་བྱས་ཏེ་སྤྱི་ལོ1995ལོར་དངོས་སུ་གཉེར་བ་དང་ལོ་རེའི་ཟླ4པའི་ཚེས23ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོར་གཏན་འཁེལ་གནང་ཡོད། དེ་ཡང་། “ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །”ཞེས་པ་ལྟར་ང་ཚོས་དཔེ་ཀློག་གི་དགོས་གལ་གླེང་བ་ནི་མིའི་རིགས་ཀྱི་ཤེས་རབ་ཀྱི་འབྱུང་ཁུངས་ལ་གུས་ཕྱག་དང་དྲན་གསོ་ཕུལ་ཞིང་། དྲན་དབང་གསེར་རིའི་ཕྲེང་བ་ཚར་དུ་དངར་བའི་རྣམ་དཔྱོད་དང་ཤེས་རབ་ཀྱི་རྩལ་ལས་བྱུང་བའི་རི་བོའི་གཏོས་ལ་འགྲན་བཟོད་པའི་དཔེ་ཚོགས་འདི་དག་ནི་མིའི་རིགས་ཀྱི་ཡར་ཐོན་གྱི་སྐས་རིམ་ཡིན་ལ། དཔེ་ཀློག་ནི་ང་ཚོའི་སེམས་ཀྱི་ཞིང་སར་ཤེས་རབ་ཀྱི་འོད་སྣང་དང་བློ་གྲོས་ཀྱི་སྐྱེས་སྟོབས་སྩོལ་བའི་ཐབས་ལམ་ཡིན་པར་བསྟན། དཔེ་ཀློག་ནི་མིའི་རིགས་ཀྱི་རྣམ་དཔྱོད་དང་མཁྱེན་རྒྱ་འཕེལ་རྒྱས་གཏོང་བའི་ཐབས་ལམ་གཙོ་བོ་ཞིག་ཡིན་ཞིང་། དཔེ་ཀློག་གིས་མིའི་མཐོང་རྒྱ་དང་བློ་སྤོབས་ཆེ་རུ་གཏོང་ཐུབ། དཔེ་ཆ་ནི་ལོ་རྒྱུས་ཀྱི་བྱུང་བ་དང་། རིག་གནས་ཀྱི་ཉིང་བཅུད། སྣ་མང་གི་ཤེས་བྱ་བཅས་འདུས་པའི་གཏེར་མཛོད་ལྟ་བུ་ཞིག་ཡིན་པས། དཔེ་ཀློག་བྱེད་པ་དེས་ང་ཚོར་དུས་ཚོད་དང་ས་ཁམས་ཀྱི་བཀག་རྒྱ་བརྟོལ་ཏེ་སྔོན་བྱོན་མཁས་དབང་ཚོའི་ཤེས་རབ་ཀྱི་ཉིང་བཅུད་དང་བཀའ་དགོངས་ཀྱི་སྙིང་ནོར་ལོངས་སུ་སྤྱོད་པའི་གོ་སྐབས་བསྩལ་ཡོད། “གོ་མཐའི་ས་ནས་གོམ་གཅིག་མ་བརྒལ་བར། །འཇིག་རྟེན་དེ་ཉིད་མཐོང་བའི་ལྟད་མོ་འབྱུང་། །”ལེགས་བཤད་འདི་ཉིད་ལས་དཔེ་ཀློག་གི་ཕན་འབྲས་ཕྱི་རབས་རྗེས་འཛིན་པ་ཚོར་ནོམ་པའི་རྒྱུ་དང་ཕན་པའི་བདུད་རྩི་རུ་བགོ་བཤའ་གནང་ཡོད་ཅིང་། སྔོན་བྱོན་མཁས་པའི་སྐྱེས་བུ་ཚོགས་ནི་ལུས་དང་སྲོག་ལ་ལྟོས་པ་མེད་པར་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། དཀའ་སྤྱད་དང་བརྩོན་འགྲུས་ཀྱིས་གོ་ཆ་བཙན་པོ་ལུས་ལ་བགོས་ཏེ་དང་པོ་ཐོས་པའི་ས་བོན་བཏབ། བར་དུ་བསམ་པའི་མྱུ་གུ་འབུས། ཐ་མར་ཤེས་རིག་གི་འབྲས་བུ་སྨིན་ཏེ་མིའི་རིགས་ལ་འོད་སྟོང་འབར་བའི་བསམ་པའི་ལོངས་སྤྱོད་འདི་དག་ཤུལ་བཞག་གནང་ཡོད་པའང་མཚོན་ཡོད། དཔེ་ཀློག་གིས་མིའི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སྐུལ་འདེད་བྱ་ཐུབ། ཀྲུང་ཧྭ་མི་རིགས་ཀྱི་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་ནང་དུ་དཔེ་ཀློག་ལ་ཧ་ཅང་མཐོང་ཆེན་གནང་གིན་ཡོད་ཅིང་། ཙུང་ལི་ཀྲོའུ་ཨེན་ལའེ་སྐུ་ན་གཞོན་དུས་སུ“ཀྲུང་ཧྭ་དར་རྒྱས་ཡོང་ཆེད་སློབ་སྦྱོང་བྱ།”ཞེས་གསུངས་པ་ལས་རྒྱལ་ཁབ་དང་མི་རིགས་ལ་བཅངས་པའི་དུངས་ཞེན་དང་ལྷག་བསམ་མཚོན་ཞིང་། ཁོང་ཉིད་ཀྱིས་མི་ཚེ་དང་ཕུགས་བསམ་ལ་བཅོལ་བའི་སྙིང་སྟོབས་དང་རྣམ་དཔྱོད་མཚོན་པར་བྱས་ཡོད། དཔེ་ཀློག་བརྒྱུད་ནས་ང་ཚོས་མི་རིགས་ཀྱི་སྙིང་སྟོབས་དང་། སྔོན་བྱུང་གི་ལོ་རྒྱུས། སྤྱི་ཚོགས་ཀྱི་འཕོ་འགྱུར་སོགས་ལ་རྒྱུས་ལོན་ཟབ་མོ་བྱ་ཐུབ་ལ། དེ་ནི་མིའི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་རང་རྟོགས་ཀྱི་ནུས་པ་ཇེ་མཐོར་གཏོང་བའི་གཞི་རྩ་ཡིན། དཔེ་ཀློག་གིས་སྐྱེ་བོ་སྒེར་གྱི་བྱང་ཚད་དང་ནུས་པ་མཐོར་འདེགས་གཏོང་ཐུབ། དེང་རབས་ཀྱི་སྤྱི་ཚོགས་ནི་འཕེལ་ཁ་རྒོད་ཅིང་འགྲན་རྩོད་ཆེ་བའི་དུས་རབས་ཤིག་ཡིན་པས། དཔེ་ཀློག་བྱེད་པ་དེས་ང་ཚོར་གསར་གཏོད་ཀྱི་ནུས་པ་དང་། དཔྱད་བརྗོད་ཀྱི་བསམ་བློ། དཀའ་ངལ་ལ་གདོང་གཏད་ཐུབ་པའི་ནུས་པ་དང་ཐབས་ཤེས་སྦྱིན་ཐུབ། ད་དུང་ཚུགས་ཐུབ་དང་། ཞི་འཇམ། བག་ཡངས། བཟོད་སྒོམ། གཏིང་ཟབ་པའི་བསམ་གཞིགས་བཅས་རྙེད་ཐུབ་པར་མ་ཟད། སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་རང་ཉིད་ཀྱི་གནས་བབ་དང་འགན་འཁྲི་གསལ་པོར་ངོས་འཛིན་གནང་ཐུབ།

དཔེ་ཀློག་ནི་འཁྲུལ་བ་བསལ་བའི་སྒྲོན་མེ་དེའོ། །

ཚེ་དཔལ་སྟོབས་ལྡན།

དཔེ་ཀློག་ནི་རང་ཉིད་ཀྱི་འཁྲུལ་བ་དེ་བསལ་བའི་སྒྲོན་མེ། རང་ཉིད་ཀྱི་ཡོ་བ་དེ་བསྲང་བའི་ཐོ་བ། རང་ཉིད་ཀྱི་མ་དག་པ་དེ་དག་པར་བྱ་བའི་ཐབས་དམ་པ་དེ་ཡིན་པས། དཔེ་ཀློག་ལ་བརྟེན་ནས་རང་ཉིད་ཀྱི་ལུས་ཡིད་ངག་གསུམ་ལ་འགྱུར་ལྡོག་གཏོང་ཐུབ་པ་དེ་ཤིན་ཏུ་གལ་ཆེ་བར་འདོད། གལ་སྲིད་ནམ་ཞིག་ལ་རང་ཉིད་ཀྱི་བསམ་བློ་ནི་སྲོག་ཆགས་ཤིག་གི་ཤུན་སྐོགས་མཁྲེགས་པོ་བཞིན་མཉེན་ལྕུག་དང་བརྐྱང་སྐུམ་མེད་པར་གྱུར་འདུག་ཚེ། ཁོ་བོས་བསམས་ན་གཤམ་གྱི་དཔེ་ཆ་རིགས་གསུམ་བཀླགས་ནུས་ན་དེ་ལ་འགྱུར་བ་འབྱུང་སྲིད་པར་སྙམ། གཅིག་ནི་རིག་གནས་ཀྱི་ཁམས་གསར་པའི་སྐོར་གྱི་དཔེ་ཆ་ཀློག་པར་མོས་པ། རྩོམ་མཁན་གྱི་སྤྱི་ཚོགས་རྒྱབ་ལྗོངས་དང་ཤེས་བྱའི་ཐོས་པ། རིག་གནས་ཀྱི་མོས་ལུགས་སོགས་ཐ་དད་དུ་གནས་པས་ན་བརྩམས་ཆོས་ལས་མངོན་པའི་རིག་གནས་མངོན་སྟངས་དང་མཚོན་ལུགས་ཀྱང་ཐ་དད་དུ་གནས་ཕྱིན། རང་ལ་སྔར་དཔེ་ཀློག་གི་རིགས་གཅིག་ལ་མོས་པ་དེ་ཁོ་ན་ཉིད་མཁྲེགས་འཛིན་མི་བྱེད་པར། རང་གི་རིག་གནས་ཀྱི་ཁམས་དང་མི་མཐུན་པའི་བརྩམས་ཆོས་མང་པོ་བཀླགས་ནུས་ན། རང་མ་ཡིན་པའི་རིགས་དང་བྱ་དངོས་མཐའ་དག་དང་ལེན་བྱ་ཐུབ་ཅིང་། རིམ་གྱིས་དེ་ཉིད་ལ་དགའ་བ་དང་མོས་པའི་བློ་སྐྱེས་འོང་། གཉིས་ནི་སྤྱི་ཚོགས་ཀྱི་གནད་གསར་པའི་སྐོར་གྱི་དཔེ་ཆ་ཀློག་པར་མོས་པ། དཔེ་ཀློག་བྱ་དོན་ནི་གཏམ་རྒྱུད་ཀྱི་བྱུང་རིམ་འཚོལ་བ་ཙམ་མ་ཡིན་པར། གནའ་དེང་གཉི་གའི་བརྩམས་ཆོས་གང་ཞིག་ལས་མངོན་པའི་སྤྱི་ཚོགས་ཀྱི་གནད་དོན་དེ་ཉིད་ལ་དྲང་ལྡོག་དང་ལེགས་ཉེས་གང་ཡིན་ཐད་ཀྱི་བླང་དོར་དང་ངོས་འཛིན་གསལ་པོ་དགོས། ལྷག་པར་བརྩམས་ཆོས་ཁྲོད་ཀྱི་གནད་དོན་དང་རང་ཉིད་གནས་པའི་སྤྱི་ཚོགས་ཀྱི་གནད་དོན་ཅི་རིགས་ལྷན་གཅིག་ཏུ་སྦྲེལ་ཐུབ་ན། གཞན་གྱིས་མ་རྟོགས་པའི་གནད་དོན་གསར་པ་མང་པོ་རྙེད་ཐུབ། གསུམ་ནི་དུས་རབས་ཀྱི་སྣེ་གསར་པའི་དཔེ་ཆ་ཀློག་པར་མོས་པ། དུས་རབས་རེ་ལ་དུས་རབས་རེའི་ཁྱད་ཆོས་རེ་ཡོད་སྲིད། ལྷག་པར་དུས་རབས་གསར་པའི་རྩོམ་པ་པོ་དག་གི་སྨྱུག་རྩེ་ལས་བྱུང་བའི་བརྩམས་ཆོས་ཀྱི་བརྗོད་བྱ་གསར་པ་དང་བསྟན་དོན་གསར་པ་ཤ་སྟག་ཡིན། དེ་ལས་མངོན་པའི་བསམ་བློ་གཏོང་ལུགས་དང་བསམ་གཞིག་བྱ་ལུགས་ཀྱང་གསར་པ་གསར་རྐྱང་ཡིན། གསར་པ་དེ་དག་བདུད་ཀྱི་ཆོ་འཕྲུལ་དང་གདོན་གྱི་བསླུ་བར་མི་བསམ་པར་ལོ་རེར་རྒྱུག་ཆེ་བའི་དཔེ་ཆ་རེ་བཀླགས་ནུས་ན། རང་ཉིད་ནི་དུས་ནམ་ཡང་དུས་རབས་གསར་པའི་མཐོང་སྣེ་མངོན་པར་གསལ་པའི་མི་བུ་ཞིག་ཏུ་འགྱུར་ཐུབ་པར་གདོན་མི་ཟ་སྙམ་མོ། །

དཔེ་ཀློག་གིས་མ་འོངས་ལམ་བུ་གསལ་བར་བྱེད།

ཨ་རིན་ལྕགས་རྒྱལ་འབུམ།

དེ་རིང་ཕྲན་གྱིས་མཉམ་སྤྱོད་བྱ་རྒྱུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་ལོའི་སྤྱི་ཟླ2པའི་ཚེས1ཉིན་ལག་བསྟར་གནང་བའི«དམངས་ཡོངས་དཔེ་ཀློག་སྐུལ་འདེད་སྲོལ་ཡིག»ཅེས་པ་འདི་ཡིན། སྲོལ་ཡིག་འདིས་དཔེ་ཀློག་ནི་མི་སྒེར་གྱི་མོས་པ་ཙམ་ལས་འདའ་ནས་རྒྱལ་ཁབ་ཀྱི་བྱ་སྤྱོད་ཐད་ལ་ཡར་འདེགས་བྱས་ཡོད་ཅིང་། རིམ་པ་སོ་སོའི་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཏུ་དཔེ་ཀློག་སྒྲིག་ཆས་ཀྱི་དྲ་བ་ཡོངས་སུ་ཁྱབ་དགོས་པར་ཁ་གསལ་བཟོས་ཏེ། མི་རེ་རེར་འདྲ་མཉམ་གྱི་དཔེ་ཀློག་གོ་སྐབས་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད།       ལོ་རེའི་ཟླ་བཞི་པའི་གཟའ་འཁོར་བཞི་པ་ནི་དམངས་ཡོངས་དཔེ་ཀློག་བྱེད་སྒོའི་གཟའ་འཁོར་ཡིན་ཞིང་། སྲོལ་ཡིག་འདིས་ལྷག་པར་དུ་བྱིས་པ་དང་། རྒན་པ། དབང་བོ་སྐྱོན་ཅན་སོགས་ཀྱི་དཔེ་ཀློག་ཁེ་དབང་ལའང་འགན་སྲུང་ནན་མོ་བྱས་ཏེ། དཔེ་མཛོད་ཁང་གིས་ལོང་ཡིག་ལྟ་ཀློག་ཁང་འཛུགས་པར་བླང་བྱ་བཏོན་པ་དང་། སྤྱི་ཁུལ་དུ་ཀློག་འདོན་ཁང་མིག་འཛུགས་པར་སྐུལ་ལྕག་གཏོང་བ། སློབ་གྲྭས་སློབ་མའི་སློབ་ཕྱིའི་དཔེ་ཀློག་དུས་ཚོད་ཁག་ཐེག་གཏན་འབེབས་བྱས་ནས་དཔེ་ཀློག་ཁྱབ་གདལ་གྱི་ཁོར་ཡུག་གུ་ཡངས་པོར་བཏང་ཡོད། དེ་དང་ཆབས་ཅིག གྲངས་ཀའི་དུས་རབས་འདིར་མཚོན་ན། སྲོལ་ཡིག་འདིས་རྒྱང་ལྟའི་རང་བཞིན་ངང་གྲངས་ཀའི་དཔེ་ཀློག་ཐོན་ཁུངས་འཛུགས་སྐྲུན་བྱེད་པར་ཡང་སྐུལ་འདེད་བཏང་ཡོད་པས། དེང་སྐབས་ང་ཚོས་ཤོག་བུའི་ངོས་ཀྱི་དཔེ་ཀློག་ཙམ་མ་ཟད། ད་དུང་གྲངས་ཀའི་དཔེ་མཛོད་ཁང་དངAPPསོགས་ལས་ཀྱང་ཐོན་ཁུངས་ཐོབ་པར་བྱ་དགོས།       སྲོལ་ཡིག་འདིའི་སྲོག་ཤིང་ནི་ང་ཚོ་མི་རེ་རེ་དཔེ་ཀློག་ལ་འཇུག་དགོས་པ་དེ་ཡིན་པས། མི་རེ་ནས་ཉིན་རེར་དཔེ་ཀློག་སྐར་མ15ཙམ་བྱས་ཏེ། སྤྱི་ཁུལ་གྱི་དཔེ་ཀློག་བྱེད་སྒོར་ཧུར་ཐག་གིས་ཞུགས་པ་དང་། འཁྲིས་ཀྱི་མི་རྣམས་ཀྱིས་དཔེ་ཀློག་གི་དགོས་མཁོ་སྐོང་བ། ཐུན་མོང་གི་དཔེ་ཀློག་ཐོན་ཁུངས་ལེགས་པར་བེད་སྤྱོད་དགོས། དེ་ཡང་ཆ་འཕྲིན་སིལ་ཧྲུག་ཅན་དུ་གྱུར་བའི་དེ་རིང་། ང་ཚོས«དམངས་ཡོངས་དཔེ་ཀློག་སྐུལ་འདེད་སྲོལ་ཡིག»ནི་ལམ་སྟོན་གྱི་སྒྲོན་མེ་ལྟ་བུར་ངོས་བཟུང་སྟེ། དཔེ་ཀློག་ནན་ཏུར་བྱ་དགོས་པའི་དྲན་སྐུལ་བྱེད་བཞིན་ཡོད། དཔེ་དེབ་རེ་རེ་ཁ་འབྱེད་པ་ནི། འཇིག་རྟེན་གསར་བ་ཞིག་གི་སྒོ་འཕར་ཡངས་པོར་ཕྱེ་བ་ཡིན་ཞིང་། དཔེ་ཀློག་ལ་འཇུག་མཁན་གྱི་མི་རེ་རེ་ནི། ཤེས་རིག་གི་དཔལ་འབར་མཐོ་རུ་སྒྲེང་མཁན་གྱི་ཕོ་ཉ་དེ་ཡིན།       ང་ཚོས་དེ་རིང་ནས་མགོ་བརྩམས་ཏེ། དཔེ་ཀློག་གི་འཆར་གཞི་བཟོ་བ་དང་། དཔེ་ཀློག་གི་སྤྲོ་བ་མཉམ་སྤྱོད་ཀྱིས“རིག་པ་ནངས་པར་འཆི་ཡང་བསླབ”པའི་སྙིང་སྟོབས་འཇིགས་མེད་ཀྱི་གོ་ཆ་རང་ལུས་སུ་བགོ་བར་བྱའོ། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།