སྐོར་བཅུ་གསུམ་པའི་ཧན་གོར་ཡོད་པའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་པུར་རུས་ཚེས22ཉིན་རང་རྒྱལ་དུ་ལོག

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

སྐོར་བཅུ་གསུམ་པའི་ཧན་གོར་ཡོད་པའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ12ཡི་པུར་རུས་དང་འབྲེལ་ཡོད་ཤུལ་བཞག་དངོས་པོ་དེ་རང་རྒྱལ་མཁའ་དམག་གི་སྐྱེལ་འདྲེན-20Bརྟགས་ཅན་གྱི་སྐྱེལ་འདྲེན་གནམ་གྲུས་ཧན་གོ་ནས་ལེའོ་ཉིང་ཧྲེན་དབྱང་དུ་བསུས་ནས་ཕྱིར་མེས་རྒྱལ་གྱི་པང་དུ་ལོག 

སྐྱེལ་འདྲེན-20Bརྟགས་ཅན་གྱི་སྐྱེལ་འདྲེན་གནམ་གྲུ་ཀྲུང་གོའི་མངའ་ཁོངས་ཀྱི་བར་སྣང་དུ་སླེབས་རྗེས། རྒོལ་བཅོམ—20རྟགས་ཅན་གྱི་དམག་འཐབ་གནམ་གྲུ་བཞི་ཡིས་སྲུང་སྐྱེལ་མཉམ་འཕུར་བྱས་པ་དང་། གནམ་གྲུ་5་ཡིས་བར་སྣང་དུ་“མདའ”དབྱིབས་ཀྱི་རུ་སྟར་བསྒྲིགས་ཏེ་གུས་ལུགས་མཐོ་ཤོས་ཀྱི་ཐོག་ནས་སྔོན་གཤེགས་དཔའ་བོར་གུས་འདུད་ཞུས་པ་དང་སྔོན་གཤེགས་དཔའ་བོར་སེམས་གསོ་ཞུས།

མཁའ་དམག་རྒོལ་བཅོམ་-20རྟགས་ཅན་གྱི་འཕུར་སྐྱོད་པ་ཡུས་ཁྲང་དབྱི་ཡིས་བཤད་རྒྱུར།

“གླག་དམར”གྱིས་རུ་སྟར་བསྒྲིགས་ནས་དཔའ་བོ་ཁྱིམ་དུ་བསུས་པ་དང་། བརྒྱུད་རིམ་ཧྲིལ་པོར་སྲུང་སྐྱོང་བྱས།

མཁའ་དམག་སྐྱེལ་འདྲེན-20Bརྟགས་ཅན་གྱི་འཁོར་དཔོན་དབྱང་མིང་ཧུའེ་ཡིས་བཤད་རྒྱུར། 

ང་ཚོས་མཉམ་དུ་དཔའ་བོ་ཕ་ཡུལ་དུ་སྐྱེལ་རྒྱུ་ཡིན་ལ། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་ཀྱི་འོད་མདངས་ནམ་ཡང་མི་ཉམས་པ་དང་ཇི་སྲིད་བར་དུ་མི་ནུབ་པར་གྱུར་ཅིག

འདི་ནི་སྐྱེལ་འདྲེན-20Bརྟགས་ཅན་གྱི་སྐྱེལ་འདྲེན་གནམ་གྲུས་ཐོག་དང་པོར་བསུ་མའི་ལས་འགན་སྒྲུབ་པ་ཡིན་ལ། མིང་ལ་ཕྱིར་ལོག་50པ་ཞེས་འབོད་པ་དང་། དེས1950ལོར་དམག་འཁྲུག་ལ་ཞུགས་པའི་དཔའ་བོ་རྣམས་གཟི་བརྗིད་ངང་ཕྱིར་ཕ་ཡུལ་དུ་ལོག་པ་མཚོན།

དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་གུས་འདུད་བྱེད།

ཆུ་ཚོད11དང་སྐར་མ25ཡི་སྟེང་། སྐྱེལ་འདྲེན-20Bརྟགས་ཅན་གྱི་གནམ་གྲུ་ཧྲེན་དབྱང་གི་ཐའོ་ཞན་རྒྱལ་སྤྱིའི་གནམ་ཐང་དུ་བབས། གནམ་ཐང་གིས“ཆུ་བརྒལ་སྒོའི”གུས་ལུགས་མཐོ་ཤོས་ཀྱི་ཐོག་ནས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་ཕྱིར་ལོག་པར་བསུ་མ་ཞུས། རྒོལ་བཅོམ—20རྟགས་ཅན་གྱི་དམག་འཐབ་གནམ་གྲུ4ཡང་བསྐྱར་མཁའ་དབྱིངས་སུ་འཕུར་ནས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོར་གུས་འདུད་ཞུས།

གུས་དམག་འཐབ་འཛིང་པ་ཚོས་རིམ་པ་བཞིན་རུ་སྟར་བསྒྲིགས་ནས་ཧན་གོར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ12ཡི་པུར་སྒམ་ས་འབབ་པར་སྲུང་སྐྱེལ་བྱས། དེའི་རྗེས་ཡུལ་དངོས་སུ་བརྗིད་ཉམས་ལྡན་པའི་ཕྱིར་བསུ་མཛད་སྒོ་བསྡུས་ནས། མི་སྣ་ཡོངས་ཀྱིས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་སྐུ་རུས་ལ་གུས་འདུད་ཐེངས་གསུམ་ཞུས།

གུས་དམག་འཐབ་འཛིང་པས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་སྐུ་རུས་པུར་སྒམ་དང་ཤུལ་བཞག་དངོས་པོ་དམག་སྤྱོད་ལྗིད་ཐེག་རླངས་འཁོར་སྟེང་སྲུང་སྐྱེལ་བྱས་པ་དང་། ཉེན་རྟོག་སྲུང་སྐྱོབ་རླངས་འཁོར་རུ་ཁག་གི་སྣེ་ཁྲིད་འོག ཧྲེན་དབྱང་གི་ཨ་འགོག་ཁྲའོ་རོགས་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་བསྐྱོད།

གནམ་གྲུ་ཐང་ནས་བང་སོ་ཁང་བར་སྤྱི་ལེ30ཙམ་ཡོད་ལ། སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་ཁྲི་7ལྷག་སྲང་ལམ་འགྲམ་རྒྱུད་དུ་ལངས་ནས་དང་བླངས་དམག་གི་དཔའ་བོའི་རྣམ་ཤེས་ལ་གུས་འདུད་ཞུས་པ་དང་། ལག་པའི་ནང་གི་རྒྱལ་དར་དང་སྦྱར་ཡིག་གི་ལམ་ནས་གུས་འདུད་ཞུས་པར་མ་ཟད་རླངས་འཁོར་གྱི་རྗེས་དེད་དེ་དཔའ་བོ་ཁྱིམ་དུ་སྐྱེལ།

ཟླ4པའི་ཚེས23ཉིན་སྔ་དྲོའི་ཆུ་ཚོད10སྟེང་། ཧན་གོར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་པུར་རུས་དུར་འཇུག་མཛད་སྒོ་ཧྲེན་དབྱང་ཨ་འགོག་ཁྲའོ་རོགས་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་བསྡུ་རྒྱུ་རེད།  2014ལོ་ནས་ད་བར་དུ། རང་རྒྱལ་གྱིས་སྔ་རྗེས་སུ་སྐོར་བཅུ་གསུམ་གྱི་ཧན་གོར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་པུར་རུས་1023ཕྱིར་བསུ་བྱས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།