དཔྱིད་ཟླ་བཞི་བའི་པེ་ཅིང་གི་མཁའ་དབུགས་དྲོ་ཞིང་འཇམ་ལ། ཁོར་ཡུག་ཀུན་སྔོ་ལྗང་ལྗང་གསོན་ཤུགས་ཀྱིས་ཀུན་ནས་བརྟས། སྤྱི་ལོ2026ལོའི་ཟླ4པའི་ཚེས22ཉིན་གྱི་སྔ་དྲོར། མཚོ་སྔོན་དགེ་འོས་སློབ་ཆེན་རྒྱལ་ཡོངས་གཙོ་གནད་ཞིབ་འཇུག་ཁང་གིས་རང་བདག་གསར་སྤེལ་བྱས་པའི་རིག་གཏེར་བོད་སྐད་དཔེ་དབྱིབས་ཆེན་མོ་དང་བོད་ཡིག་གི་མཉེན་ཆས་མི་འདྲ་བ་རིགས་བརྒྱད་ཀྱི་འགྲེམ་སྤེལ་མཛད་སྒོ་པེ་ཅིང་དུ་བསྡུས། མཛད་སྒོའི་སྟེང་བོད་ཡིག་གི་མཉེན་ཆས་མི་འདྲ་བ་རིགས་བརྒྱད་འགྲེམས་སྤེལ་དང་།རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས《སྐྱེད་སྒྲུབ་རང་བཞིན་གྱི་མིས་བཟོས་རིག་ནུས་ཞབས་ཞུའི་དོ་དམ་གནས་སྐབས་ལག་བསྟར་བྱེད་ཐབས》ཐོ་འགོད་བརྒྱུད། རིག་གཏེར་བོད་སྐད་དཔེ་དབྱིབས་ཆེན་མོ་འདི་སྤྱི་ཚོགས་ཡོངས་ནས་བཀོལ་སྤྱོད་བྱེད་ཆོག་པ་ཁྱབ་སྒྲོག་བྱས།
མཛད་སྒོའི་སྟེང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་ཐུའུ་ཆིང་ཡུན་གྱིས་མཛད་སྒོར་མདོ་འཛིན་གནང་པ་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་མའོ་ཞུའེ་རུང་གིས་མཛད་སྒོའི་སྟེང་ཤིས་ཚིག་ཕུལ། བོད་ཡིག་རིག་ནུས་རྒྱལ་ཡོངས་གཙོ་གནད་ཞིབ་འཇུག་ཁང་གི་ཀྲུའུ་རིན། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཉི་མ་བཀྲ་ཤིས་ལགས་ནས་ཐེངས་འདིའི་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་བ། གཙོ་གནད་ཞིབ་འཇུག་ཁང་གི་ཀྲུའུ་རིན་རྡོར་ལྷ་ལགས་ཀྱིས་རིག་གཏེར་བོད་སྐད་དཔེ་དབྱིབས་ཆེན་མོ་དང་བོད་ཡིག་མཉེན་ཆས་རིགས་བརྒྱད་ཀྱི་གསར་སྤེལ་གྱི་བརྒྱུད་རིམ་སྐོར་ནས་སྙན་ཞུ་ཕུལ། གཞན་ཡང་མཛད་སྒོའི་སྟེང་ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སུན་མའོ་སུངདང་། ཐེན་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཞུང་ཏེ་དབྱི་རྣམ་གཉིས་ཀྱིས་རིག་གཞུང་འཆད་ཁྲིད་སྤེལ་བ་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གཙོ། རྒྱལ་ཡོངས་གཙོ་གནད་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་ཀྲའོ་ཧའེ་ཞིང་གིས་ཐེངས་འདིའི་མཛད་སྒོའི་རིག་གཞུང་འཆད་ཁྲིད་ལ་མདོ་འཛིན་བྱས།
བོད་སྐད་རིག་ནུས་རྒྱལ་ཡོངས་གཙོ་གནད་ཞིབ་འཇུག་ཁང་ནི་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སྤྱི་ལོ2024ལོའི་ཟླ12པར་རྒྱལ་ཁབ་ཚན་རྩལ་པུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་སྣེ་ཁྲིད་དེ་བོད་ལྗོངས་སློབ་ཆེན་དང་། ནན་ཅིང་སྦྲག་སྲིད་སློབ་ཆེན་གཉིས་མཉམ་འབྲེལ་སྒོས་གསར་འཛུགས་བྱས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྐད་ཡིག་རིག་ནུས་ཁྱབ་ཁོངས་ཀྱི་རྒྱལ་ཡོངས་གཙོ་གནད་ཞིབ་འཇུག་ཁང་གཅིག་པུ་དེ་ཡིན། ཐེངས་འདིར་ཞིབ་འཇུག་ཁང་དེས་རིག་གཏེར་བོད་སྐད་དཔེ་དབྱིབས་ཆེན་མོ་རྨང་གཞིར་བྱས་ཏེ་ཡིག་སྒྱུར་དང་། AIམིང་མཛོད། ཡིག་ཚང་། ཡི་གེའི་གཟུགས་རིས་ངོས་འཛིན། གསོ་རིག རིས་སྒྱུར། སྐད་སྒྱུར། སྒྲ་དེབ་བཅས་ཁྱོན་བསྡོམས་བོད་ཡིག་གི་མཉེན་ཆས་ཆེན་པོ་དགུ་གསར་འདོན་བྱས་པ་དང་། བོད་སྐད་ཀྱི་གྲངས་འཛིན་སྙན་སྒྲོན་དང་མཚན་བྱང་བསྒྱུར་འབྲི་སོགས་ཀྱི་མཉེན་ཆས་དག་ཀྱང་གསར་སྤེལ་བྱས་ཡོད་པ་མ་ཟད། བོད་རྒྱ་དབྱིན་གསུམ་གྱི་སྐད་རིགས་མང་པོའི་དཔེ་དབྱིབས་ཆེན་མོའི་རྨང་གཞི་འཛུགས་སྐྲུན་བྱས་ཏེ། སྤུས་ཚད་མཐོ་བའི་བོད་ཡིག་གི་ཡིག་མཛོདGB150དང་། སྐད་རིགས་མང་པོའི་འདྲ་མཉམ་ཡིག་ཆའི་ཚིག་གྲུབ་ཁྲི8700དང་། ཡུལ་སྐད་མང་པོའི་སྐད་གདངས་གཞི་གྲངས་ལ་ཆུ་ཚོད་ཁྲི3བཅས་ཀྱི་སྐད་མཛོད་གསར་བསྐྲུན་བྱས་ནས་ཤེས་བྱ་ཕྱོགས་གཉིས་སུ་སྤོ་སྒྱུར་བྱེད་ཐུབ་པ་མངོན་འགྱུར་བྱུང་བ་དང་། སྲོལ་རྒྱུན་གྱི་མཐུན་སྦྱོར་ཚད་བཀག་མང་པོ་ཞིག་གཏོར་ནས་དེང་རབས་ཀྱི་ཚན་རིག་དང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཕན་ཚུན་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་ཡོད།
གཞན་རི་མོ་དང་། ཡི་གེ སྒྲ་བཅས་ཀྱི་རྣམ་པའི་བར་གྱི་འགོག་རྐྱེན་མེད་པར་བཟོས་ནས། བོད་སྐད་ཀྱི་ཡུལ་སྐད་ཆེན་པོ་གསུམ་རང་འགུལ་གྱིས་ངོས་འཛིན་དང་འབྲེལ་འདྲིས་བྱེད་ཐུབ་པར་མ་ཟད། སྐད་རིགས་མང་པོ་འདྲེས་པའི་རྙོག་འཛིང་ཆེ་བའི་ཡིག་ཆ་རྣམས་གནད་ལ་འཁེལ་བའི་ངང་དབྱེ་ཞིབ་བྱེད་ཐུབ། མིག་སྔར་རྩིས་འཁོར་དུ་ཞུགས་གྲངས་དུང་ཕྱུར50དང་། དུང་ཕྱུར500དུང་ཕྱུར1220བཅས་ཀྱི་ཚད་གཞིའི་པར་གཞི་གསར་སྒྱུར་ལེགས་འགྲུབ་བྱུང་བ་མ་ཟད། སྐད་རིགས་སྣ་མང་གི་འཕྲུལ་ཆས་ཡིག་སྒྱུར་དང་། ཡུལ་སྐད་སྣ་མང་གི་སྐད་གདངས་ཤན་འབྱེད་དང་སྐད་གདངས་འདྲེས་གྲུབ། ཡི་གེའི་གཟུགས་རིས་ངོས་འཛིན་སོགས་ལག་རྩལ་ལ་བརྟེན་ནས་བོད་སྐད་ཀྱི་འབྲི་ཀློག་ཉན་གསུམ་དང་། སྐད་སྒྱུར་དང་ཡིག་སྒྱུར་བཅས་ཀྱི་རིག་ནུས་སྒྲིག་གཅོད་མ་ལག་ཆ་ཚང་ཞིག་གསར་བསྐྲུན་བྱས་ཡོད།

རྒྱལ་ཡོངས་གཙོ་གནད་ཞིབ་འཇུག་ཁང་གི་ཞིབ་འཇུག་གསར་སྤེལ་ཚོགས་པས་མུ་མཐུད་དུ་གཞི་རྒྱ་ཆེ་བའི་དཔེ་དབྱིབས་བསྐྱར་ཟློས་དང་སྣ་མང་ཅན་གྱི་ནུས་པ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་སོ་སོའི་ལས་རིགས་ཁག་ལAPIདང་འཕེལ་རྒྱས་སྒྲོམ་གཞི་སྒོ་འབྱེད་བྱས་ཏེ། མཉམ་འབྲེལ་སྒོས་འཕེལ་རྒྱས་ཅན་གྱི་བོད་སྐད་ཀྱི་དཔེ་དབྱིབས་ཆེན་མོའི་སྐྱེ་ཁམས་མ་ལག་གསར་བསྐྲུན་བྱས་ནས། ཚན་རྩལ་གྱིས་མི་རིགས་ས་ཁུལ་གྱི་གྲངས་འཛིན་ཅན་གྱི་འཕེལ་རྒྱས་ལ་རོགས་འདེགས་བྱ་འཆར་ཡོད།
ཐེངས་འདིའི་མཛད་སྒོའི་སྟེང་རྒྱལ་ཡོངས་ཀྱི་སློབ་ཆེན་ཁག་དང་། མི་རིགས་སློབ་ཆེན་ཁག ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། དེ་མིན་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་བཅས་ནས་ཕེབས་པའི་དགེ་རྒན་ཆེན་མོ་དང་། རིག་གཞུང་ཆེད་མཁས། ཞིབ་འཇུག་པ་བཅས་སྐུ་མགྲོན་བརྒྱ་ལྷག་ཞུགས་ཡོད་དོ། །