2026ལོའི་མཚོ་ནུབ་ཁུལ་གྱི་དམངས་འཚོའི་ལས་གཞི་ཁྱོན་ཡོངས་ནས་ལས་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ4བའི་ཚེས18ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནོར་སྲིད་ཅུས་ནས་བསྒྲགས་པ་ལྟར་ན། མཚོ་ནུབ་ཁུལ་གྱིས《2026ལོའི་ཁུལ་རིམ་པའི་དམངས་འཚོའི་དོན་དངོས་ལས་གཞིའི་སྐོར་གྱི་ལས་འགན་བགོ་འགྲེམ》དངོས་སུ་སྤེལ་བ་དང་། ལས་ཞུགས་ལས་བརྟན་དང་སློབ་གསོའི་སྤུས་འདེགས། བདེ་ཐང་མཚོ་ནུབ། རྒན་གསོ་བྱིས་སྐྱོང་། བྱམས་སྐྱོང་རོགས་སྐྱོར། གྲོང་གསེབ་དར་སྤེལ། སྡོད་ཁང་འགན་སྲུང་། དམངས་བདེ་དམངས་ཕན། རིག་གནས་ལུས་སྦྱོང་། རྨང་གཞིའི་སྒྲིག་ཆས་བཅས་ཁྱབ་ཁོངས་ཆེན་པོ་བཅུ་ལ་གཞི་བཙུགས་ཏེ། དམངས་འཚོའི་ལས་གཞི་ཆེན་པོ་ཁག20ཞིབ་ཕྲའི་ངང་དོན་འཁྱོལ་བྱས་པ་དང་། འགན་འཁྲི་བགོ་འགྲེམ་དང་། དམིགས་འབེན་ལས་འགན། གནད་འགག་གི་དུས་ཚོད་བཅས་གསལ་བོར་བསྟན་ཏེ། ཏན་ཏིག་གིས་ལོ་ལྔའི་འཆར་འགོད་བཅོ་ལྔ་བ་མགོ་བརྩམས་པའི་ལོའི་དམངས་འཚོའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

ལས་ཞུགས་ལས་བརྟན་གྱི་ཕྱོགས་ནས། མཚོ་ནུབ་ཁུལ་གྱིས“12+N”ཡི་སྤྱི་བའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱ་འགུལ་ཐེངས་བརྒྱ་ལྷག་ལ་སྤེལ་བ་དང་། མཁར་གྲོང་གི་གསར་འཕར་ལས་ཞུགས་དང་རོང་འབྲོག་ས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་སྤོའི་ལས་ཞུགས་སོ་སོར་མི་ཁྲི་གཅིག་དང་མི་ཁྲི7.5བརྒལ། ལས་དོན་ལས་ཁུངས་ཀྱིས་མི་སྣ་བསྡུ་བ་དང“རོགས་གསུམ་སྐྱོར་གཅིག”གི་སྲིད་ཇུས་རང་བཞིན་གྱི་ལས་གནས310འདོན་སྤྲོད་བྱས།

སློབ་གསོའི་ཕྱོགས་ནས། ཁུལ་རིམ་པའི་ནོར་སྲིད་ཀྱིས་འགན་སྐྱོང་སློབ་གསོའི་ལས་གནས1300ལྷག་དང་། རྒྱ་བསྐྱེད་སློབ་གླིང17ཡི་ཁ་གསབ་བཀོད་སྒྲིག་བྱས། བདེ་ཐང་གི་ཁྱབ་ཁོངས་ནས། ཆ་རྐྱེན་དང་འཚམ་པའི་མང་ཚོགས་ཁ་ཕྱོགས་ཏེ་འཇུ་བྱེད་ལམ་གྱི་སྔ་དུས་སྐྲན་ནད་དང་ལྷན་སྐྱེས་ཀྱི་ནད་སོགས་ནད་རིགས་དྲུག་ལ་རིན་མེད་ཀྱིས་ཞིབ་བཤེར་བྱས་པ་དང་། དམིགས་གསལ་ཚོགས་སྤྱིའི་སྨན་བཅོས་འགན་སྲུང་རང་གིས་སྤྲོད་དགོས་པའི་ཆ་ཤས་ཚ་ཚང་རོགས་སྐྱོར་བྱེད་པར་མ་ཟད། རིན་མེད་ཀྱིས་གཞི་རྒྱུ་བརྟག་དཔྱད་དང་ཕྲུ་གུ་མ་སྐྱེས་གོང་གི་བརྟག་དཔྱད་ལག་བསྟར་བྱས།

རྒན་པ་དང་བྱིས་པའི་དམིགས་གསལ་ཚོགས་སྤྱིའི་བྱམས་སྐྱོང་རོགས་སྐྱོར་ལ་གཞི་བཙུགས་ཏེ། ལོ0ནས་ལོ3བར་གྱི་བྱིས་པར་ལོ་རེར་སྒོར3600ཡི་རོགས་སྐྱོར་བྱིན་པ་དང་། དབང་སྐྱོན་སློབ་མ་དང་ཕ་མ་དབང་སྐྱོན་ཡིན་པའི་བྱིས་པ325ལ་སློབ་གསོའི་རོགས་སྐྱོར་ཁ་གསབ་བྱིན། དབང་སྐྱོན་ཚབས་ཆེན་ཡིན་པའི་མི3100ལ་འཚོ་བའི་ཁ་གསབ་བྱིན་པར་མ་ཟད། རྒན་པའི་ཟས་རོགས་ཁ་གསབ་བྱིན་ཡོད།

གྲོང་གསེབ་དར་སྤེལ་ཁྱབ་ཁོངས་ནས། འདེབས་འཛུགས་དང་གསོ་སྐྱོང་གི་ཁ་གསབ་བྱིན་པ་དང་། རིན་མེད་ཀྱིས་སྲོག་ཆགས་ཀྱི་རིམས་འགོག་ཁབ་རིགས་བརྒྱད་འདོན་སྤྲོད་བྱས་ཏེ། སྒོ་ཕྱུགས་འབུམ་བཞི་ཁྲི་དྲུག་ལ་ནད་འགོག་ཁ་གསབ་འགན་བཅོལ་ཉོས་ནས། རོང་འབྲོག་མང་ཚོགས་ཀྱི་གསོ་སྤེལ་གྱོང་གུད་ཉུང་དུ་བཏང་བ་དང་། སྲོག་ཆགས་རིམས་འགོག་གི་ཕྱོགས་བསྡུས་འགོག་སྲུང་ཆུ་ཚད་མཐོར་འདེགས་བཏང་།

སྡོད་ཁང་འགན་སྲུང་དང་དམངས་བདེ་དམངས་ཕན་གྱི་ཕྱོགས་ནས། མཁར་གྲོང་གི་སྡེ་ཁུལ་རྙིང་བའི་ཁང་བ1654ལ་བཅོས་བསྒྱུར་བྱས། “ཆུ་གློག་ཚད་འཇལ”གྱི་དམངས་ཕན་དང་ཟས་རིགས་ལྟ་སྐུལ་གྱི་ཞིབ་བཤེར། འཛད་སྤྱོད་དམངས་ཕན་གྱི་འགུལ་སྐྱོད་ལག་བསྟར་བྱས།

རྨང་གཞིའི་སྒྲིག་ཆས་མཐོར་འདེགས་གཏོང་བའི་ཕྱོགས་ནས། ཆུ་བེད་ལས་གཞི་ཆེན་པོ་ཁག4ལག་བསྟར་བྱས་ཡོད་ལ། གྲོང་གསེབ་གཞུང་ལམ་སྤྱི་ལེ120དང་། ཡུལ་སྐོར་སྤྱོད་ཁང10གསར་དུ་བསྐྲུན་ནས། མང་ཚོགས་ཀྱི་འཚོ་བའི་སྟབས་བདེ་བའི་ཚད་མཐོར་འདེགས་བཏང་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།