རང་ཞིང་གིས་ནགས་རྩྭའི་ཐོན་ལས་ཀྱི་སྦྲེལ་ཐག་ཧྲིལ་བོ་རིམ་འཕར་ལ་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ4བའི་ཚེས20ཉིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་བསྒྲགས་པ་ལྟར་ན། “ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”སྐབས་སུ་རང་ཞིང་གིས“ཤར་གྱི་སྟར་བུ་དང་ནུབ་ཀྱི་སྨན་རྩྭ། ལྷོ་ཡི་བོད་ཇ། རྨ་ཙོང་ཤིང་ཏོག”བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པར་དམིགས་ནས། སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་བྱེད་པ་དང་། བཅོས་བསྒྱུར་གསར་གཏོད་སྐུལ་ཤུགས་སུ་བྱེད་པ། ཐོན་ལས་སྦྲེལ་ཐག་ཧྲིལ་བོའི་རིམ་འཕར་བརྒྱུད་ལམ་བྱེད་པ་བཅས་བྱས་ཏེ། ནགས་རྩྭའི་ཐོན་ལས་དེ་གཞི་ཁྱོན་གྱི་གྲངས་འབོར་ནས་སྤུས་ཚད་ཕན་འབྲས་སུ་བསྒྱུར་བར་སྐུལ་འདེད་བཏང་ནས། སྦྲེལ་ཐག་ཧྲིལ་བོའི་ཚུལ་བསྒྱུར་རིམ་འཕར་མངོན་འགྱུར་བྱེད་རྒྱུ་རེད།

ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་ལ་དམིགས་ཏེ། རྒྱུན་མཐུད་ངང་རང་ས་གནས་ཀྱི་དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་ཟབ་སྤེལ་བྱས་ཏེ། དམའ་རིམ་ཐོན་རྫས་ཀྱི་འདོན་སྤྲོད་ནས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་ལས་ལ་ཐོལ་བརྒལ་བྱེད་པ་མངོན་འགྱུར་བྱེད་པ་དང་། དབྱར་རྩྭ་དགུན་འབུའི་ཐོན་ལས་ཀྱི“དབྱེ་འབྱེད་དང་ཁྲིམས་འཛུགས། ཞིབ་འཇུག་གསར་སྤེལ”བཅས་གཞི་གཅིག་འཐབ་ཇུས་ཐག་བསྟར་བྱེད་པ། སྟར་བུ་འཐུ་སའི་རྟེན་གཞི་ཚན་ལྡན་ཅན་འཛུགས་སྐྲུན་དང་ཞིབ་ཚགས་ལས་སྣོན་གྱི་ཐོན་ལས་རྣམ་པར་སྐུལ་འདེད་གཏོང་བ། “རྟེན་གཞི་དང་། མཉམ་ལས་ཁང་། ཁེ་ལས”བཅས་ཀྱི་རྣམ་པ་ཟབ་སྤེལ་བྱེད་པ་དང་། ཐོན་ཚད་དམའ་བའི་ནགས་ཚལ་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། ཀྲུང་བོད་སྨན་རྫས་ཐོན་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེར་བསྐྱེད་བྱེད་པ། ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་དང་། ཞིབ་ཚགས་ལས་སྣོན་ཀྱི་ཐོན་ལས་ལས་རིམ་བཅོས་བསྒྱུར་བྱེད་པ། ཐོན་རྫས་ཀྱི་ཞིབ་འཇུག་གསར་སྤེལ་དང་སྤུས་རྟགས་གསོ་སྐྱོང་སོགས་གཙོ་གནད་རིམ་པར་རྒྱབ་སྐྱོར་བྱེད་ཤུགས་ཆེད་བསྐྱེད་བྱེད་པ་བཅས་བྱས་ཏེ། ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་དགོས། དེ་དང་མཉམ་དུ། ནུས་ཤུགས་ཡོད་རྒུས་ཐུན་མོང་ནགས་དབང་ལམ་ལུགས་བཅོས་བསྒྱུར་བྱས་ཏེ། ནགས་སའི་ཚོར་གཉེར་ཁེ་དབང་གཞན་སྤྲོད་དང་རྩོད་གཞིའི་བར་འདུམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་ཐུན་མོང་ནགས་རྩྭའི་ཐོན་ཁུངས་བསྐྱར་སྒྲིག་བྱེད་པ་དང་། ཁ་ཐོར་དུ་ཡོད་པའི་ཐུན་མོང་ནགས་ཀྱི་ཐོན་ཁུངས་ཕྱོགས་བསྡུས་བྱས་ཏེ་གཞི་ཁྱོན་ཅན་གྱི་ཚོང་གཉེར་མངོན་འགྱུར་བྱེད་པ། ད་དུང་སྤྱི་ཕན་ནགས་ཀྱི་སྐྱེ་ཁམས་བྱེད་ནུས་ལ་ཁག་ཐེག་ཡོད་པའི་སྔོན་འགྲོའི་འོག  སྤྱི་ཕན་ནགས་རའི་ནང་དུ་འོས་འཚམ་གྱི་འདེབས་འཛུགས་བྱེད་པ་དང་། སྐྱེ་ཁམས་ཡུལ་སྐོར་སོགས་ཀྱི་ཚོང་གཉེར་ལ་ཚད་ལྟ་བྱེད་པ། “སྟར་བུ་འཐུ་སའི་རྟེན་གཞི་དང་ནགས་ཞབས་འདེབས་འཛུགས། ནགས་རའི་སྤྲོ་སྐྱིད་ཁང”སོགས་ནགས་རའི་དཔལ་འབྱོར་གྱི་ཕྱོགས་བསྡུས་རྣམ་པ་འཚོལ་ཞིབ་གསར་འཛུགས་བྱས་ཏེ། “སྐྱེ་ཁམས་དང་ཐོན་ལས། དམངས་འཚོ”བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་རྣམ་པ་བསྐྲུན་དགོས།

དེའི་རྨང་གཞིའི་སྟེང་། ཚན་རིག་དང་ཐོན་ལས་མཉམ་འདྲེས་ཀྱི་གསར་གཏོད་སྐུལ་ཤུགས་ལ་སྐུལ་འདེད་གཏོང་བ་དང་། ཁྱད་ལྡན་ནགས་རྩྭའི་ཐོན་ལས་ཀྱི་སྤུས་འདེགས་རིམ་འཕར་གྱི་དགོས་མཁོ་གཙོ་བོར་དམིགས་ནས། ཐོན་སློབ་ཞིབ་གསུམ་གྱི་གཏིང་ཟབ་མཉམ་འདྲེས་ཟབ་སྤེལ་བྱེད་པ་དང་། སྟར་བུའི་ཚད་ལྡན་ཅན་གྱི་རྟེན་གཞི་འཛུགས་སྐྲུན་ལག་རྩལ་སོགས་ཁ་ཕྱོགས་གཙོ་བོར་དམིགས་ཏེ། ནགས་ཚལ་ཟས་རིགས་དང་བདེ་སྲུང་ཐོན་རྫས། ནགས་ལས་སྐྱེ་དངོས་ཀྱི་གཟན་ཆས། སྐྱེ་དངོས་ནུས་ཁུངས་དང་རྒྱུ་ཆ་སོགས་ཀྱི་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་པ། ཚན་རིག་ཞིབ་འཇུག་ལས་ཁུངས་དང་ཁེ་ལས་ཀྱི་གནད་ཁེལ་སྦྲེལ་མཐུད་བྱེད་པའི་ཁྲོམ་རའི་དགོས་མཁོར་སྐུལ་འདེད་གཏོང་བ། དབྱར་རྩྭ་དགུན་འབུའི་སྨན་སྤྱོད་དང་ཁམས་གསོའི་བྱེད་ནུས་ཀྱི་གྲུབ་ཆ་ལེན་པ་སོགས་གནད་འགག་ལག་རྩལ་གྱི་ཞིབ་འཇུག་གསར་སྤེལ་ལ་དམིགས་ནས། “ཆེད་མཁས་པའི་མཛུབ་སྟོན་དང་ཁེ་ལས་ཀྱི་གཙོ་གཞི། ཁྲོམ་རའི་ཁྲིད་སྟོན”བཅས་ཀྱི་མཉམ་ལས་རྣམ་པ་འཛུགས་པ་དང་། ཚན་རྩལ་གྲུབ་འབྲས་ཀྱི་ཚུལ་བསྒྱུར་དོན་འཁྱོལ་བྱེད་དགོས། ད་དུང་། རྒྱུད་མཐུད་ངང“དྭངས་གཙང་གི་མཚོ་སྔོན། མཐོ་སྒང་གི་གཅེས་ནོར”ཞེས་པའི་ནགས་རྩའི་སྤྱི་སྤྱོད་སྤུས་རྟགས་ཀྱི་སྙན་གྲགས་རྒྱས་པར་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་ནས་ཁྱད་ལྡན་ཐོན་རྫས་ཁྲོམ་རའི་རྒྱ་བསྐྱེད་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་ནགས་རྩྭའི་ཐོན་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་དང་ཟིན་ཚད་མཐོར་འདེགས་གཏོང་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།