ཟླ4པའི་ཚེས20ཉིན། གསར་འགོད་པས་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྒྲུབས་པའི2026ལོའི་མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་ཐོན་དབང་བྱ་བའི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་རྒྱུས་ལོན་པ་ལྟར་ན། མཐོ་སྒང་གི་སྐྱེ་ཁམས་དགེ་མཚན་དང་ཁྱད་ལྡན་ཐོན་ལས་ཀྱི་རྨང་གཞིར་རྐང་བཙུགས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཚོང་རྟགས་ཀྱི་སྟོབས་ལྡན་ཞིང་ཆེན་བསྐྲུན་པའི་གཙོ་ཐིག་ལ་དམིགས་པ་དང་། ཚོང་རྟགས་བསྐྲུན་པ་དང་ས་གནས་ཀྱི་ཁྱད་རྟགས་ལ་སྲུང་སྐྱོབ། ཚད་ལྡན་སྐུལ་འདོམས། སྤུས་ཚད་དང་ཞབས་ཞུ་གཞི་གཅིག་འཕེལ་རྒྱས་བཅས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་སྟེ། ལས་གཞི་ཆེན་མོ་དྲུག་གིས་མ་ལག་ལྡན་པའི་ཇུས་འདོན་དང་གནད་འཁེལ་ཤུགས་འདོན་བྱེད་པ་དང་། མཚོ་སྔོན་རྟགས་ཅན་གྱི་མཐོ་སྒང་གི་ཁྱད་ལྡན་ཚོང་རྟགས་བསྟུད་མར་ལེགས་པོར་བསྐྲུན་ནས། སྤུས་ལེགས་ཚོང་རྟགས་དེ་མཚོ་སྔོན་གྱི་སྐྱེ་ཁམས་རིན་ཐང་མངོན་པ་དང་། ཐོན་ལས་ཀྱི་སྤུས་འདེགས་ལ་སྐུལ་ཁྲིད་བྱེད་པ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་ཕྱུག་འགྱུར་ཡོང་བར་རོགས་ཤུགས་འདོན་པ་བཅས་ཀྱི་འདེགས་སྐྱོར་བརྟན་པོར་འགྱུར་བར་བྱེད་དགོས།
ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་ལྗང་མདོག་དག་གཙང་ནུས་ཁུངས། སྐྱེ་ཁམས་རིག་གནས་ཡུལ་སྐོར། སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཁྱད་ལྡན་ཐོན་ལས་གཙོ་བོར་དམིགས་ནས། འགྲན་རྩོད་ནུས་པ་ཆེ་བའི་སྤུས་ལེགས་ཚོང་རྟགས་བསྐྲུན་པ་དང་། ཚོང་རྟགས་ཀྱི་སྤུས་ནུས་མཐོར་འདེགས་གཏོང་བ། 2030ལོའི་སྔོན་ལ་ཞིང་ཆེན་ཡོངས་ཀྱི་ཚོང་རྟགས་ཐོ་འགོད་ཚད་འབུམ་བཅུ་ལས་བརྒལ་བའི་འཆར་གཞི་བཀོད་དེ། མཚོ་སྔོན་རྟགས་ཅན་གྱི་ཚོང་རྟགས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ས་གནས་ཀྱི་ཁྱད་ལྡན་དངོས་ཐོན་ཐོན་ཁུངས་སྔོན་འདོན་ཟབ་མོ་བྱེད་པ་དང་། སྡེ་ཁག་མང་པོ་མཉམ་འགུལ་གྱིས་ཁུལ་ཁོངས་ཡོངས་ཀྱི་ཐོན་ཁུངས་ལ་གྲལ་བཤེར་བྱས་ནས་ཡིག་ཚགས་བཟོ་བ། སྤུས་ཀ་ལེགས་ཤིང་སྦས་ཤུགས་ཆེ་བའི་ཐོན་རྫས་བརྒྱ་ལྷག་གསོག་ཉར་བྱེད་པ། མཚོ་སྔོན་གྱི་བོད་ལུག་དང་གླ་ཚེར། ཚེམ་དྲུབ་སོགས་ཁྱད་ལྡན་ཚོང་རྟགས་རེ་ཞུ་དང་ཁས་ལེན་བྱེད་པར་གནད་འཁེལ་གྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤུས་ལེགས་ས་ཁམས་མཚོན་རྟགས་ཀྱི་ཐོན་ཁུངས་གསོག་ཉར་བྱེད་ཚད་ཇེ་མང་དུ་གཏོང་དགོས།
རྒྱལ་ཁབ་རིམ་པའི་ས་ཁམས་མཚོན་རྟགས་ཀྱི་དཔེ་སྟོན་ལས་གཞི་ཚད་གཞི་མཐོན་པོས་སྤུས་འདེགས་རིམ་སྤོར་བྱེད་པ་དང་། ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་མུ་ཕྲེང་ཧྲིལ་བོའི་ཐོན་ལས་ཅན་གྱི་འཕེལ་རྒྱས་མ་ལག་བསྐྲུན་དགོས། ཚོང་རྟགས་ཀྱི་ཤེས་བྱའི་ཐོན་དབང་གི་དངུལ་བསྡུའི་རྣམ་པ་གསར་བ་གསར་གཏོད་བྱེད་པ་དང་། འགྲེམ་སྟོན་ཆེན་མོ་དང་མཉམ་འདྲེས་སྨྱན་བྱད་སྟེགས་བུས་མཚོ་སྔོན་གྱི་སྤུས་ལེགས་ཐོན་རྫས་འོས་སྦྱོར་བྱས་པར་བརྟེན་ནས། གློག་རྡུལ་ཚོང་དོན་དང་རིག་གནས་ཡུལ་སྐོར་ལས་རྣམ་མཉམ་འགུལ་གྱིས་ཐོན་རྫས་ཕྱིར་འཚོང་གི་ཐབས་ལམ་རྒྱ་བསྐྱེད་པ་དང་། ནུས་ཤུགས་ཡོད་རྒུས་དུང་ཕྱུར་རིམ་པའི་ས་ཁམས་མཚོན་རྟགས་ཀྱི་ཁྱད་ལྡན་དམངས་ཕྱུག་ཐོན་ལས་སྐོར་ཞིག་སྐྱེད་སྲིང་བྱེད་དགོས།
ཤེས་བྱའི་ཐོན་དབང་གི་ཆེད་དམིགས་ལེགས་བཅོས་འགུལ་སྐྱོད་རྒྱུན་རྣམ་གྱིས་སྤེལ་བ་དང་། ཚོང་རྟགས་ཀྱི་ཁེ་དབང་ལ་གནོད་པ་དང་། འགྲིག་འགལ་གྱིས་ཐོ་འགོད་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་དག་ཐེར་ལེགས་བཅོས་ཏེ། ཕྱོགས་མང་མཉམ་འགུལ་གྱིས་ཁུལ་ཁོངས་ཡོངས་ཀྱི་མཐུན་སྦྱོར་མཉམ་བཅོས་སྲུང་སྐྱོབ་མ་ལག་བསྐྲུན་དགོས། ས་ཚིགས་གཅིག་ཅན་གྱི་དམངས་བདེ་སྲིད་དོན་ཞབས་ཞུ་ལེགས་སྒྱུར་བྱེད་པ་དང་། གཅིག་གཏད་གཅིག་གིས་ཚོང་གཉེར་གཙོ་གཞིའི་ཚོང་རྟགས་ཚོང་གཉེར་བདག་དམ་ནུས་པ་ཇེ་ཆེར་གཏོང་བར་རོགས་རམ་བྱས་ཏེ། མཚོ་སྔོན་མཐོ་སྒང་གི་ཁྱད་ལྡན་ཚོང་རྟགས་ཡུན་ཕན་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཕྱོགས་ཡོངས་ནས་གཞོགས་འདེགས་བྱེད་དགོས།