ཟླ4པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་ནས་བསྡུས་པའི་མཚོ་སྔོན་ཞིང་ཆེན་ཤེས་བྱའི་བདག་དབང་བྱ་བའི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། 2025ལོར་མཚོ་སྔོན་ཁྲིམས་ཁང་གིས་ཁྱོན་སྡོམ་ཤེས་བྱའི་བདག་དབང་སྐོར་གྱི་གྱོད་དཔེ930བདག་སྤྲོད་བྱས་པ་དང་དུས་མཉམ་ལས185.28%འཕར། གྱོད་དཔེ823ཞིབ་གཅོད་མཇུག་སྒྲིལ་བྱས་པ་དང་དུས་མཉམ་ལས178.98%འཕར་ལ། ཁྲིམས་བཅད་དུས་ཡུན་ནང་ཞིབ་གཅོད་མཇུག་སྒྲིལ་ཚད98.83%ལ་སླེབས་པ་དང་། གྱོད་དཔེའི་སྤུས་ཚད་དང་འདྲི་གཅོད་ཕན་འབྲས་དུས་མཉམ་དུ་མཐོར་འདེགས་བྱུང་།
མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་སུང་ཀྲུང་དབྱི་ཡིས་བཤད་རྒྱུར། མཚོ་སྔོན་གྱི་ཐོན་ལས་གནས་བཞི་འཛུགས་སྐྱོང་འཕེལ་རྒྱས་འཐབ་ཇུས་རྐང་ཚུགས་པར་བྱས་ནས་མཚོ་སྔོན་ཁྲིམས་ཁང་གིས་ཁྲིམས་ལྟར་ཤེས་བྱའི་བདག་དབང་གི་ཁྲིམས་འཛིན་འདྲི་གཅོད་འགན་ནུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཁྲིམས་འཛིན་སྲུང་སྐྱོང་ཕན་འབྲས་བསྟུད་མར་མཐོར་འདེགས་བཏང་། 2025ལོར་མཚོ་སྔོན་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་སྐོར་གྱི་དམངས་དོན་གྱོད་གཞི820ཞིབ་གཅོད་མཇུག་སྒྲིལ་བྱས་པ་དང་། སྟབས་བདེའི་གོ་རིམ་བརྒྱུད་གྱོད་གཞི139ཞིབ་གཅོད་བྱས་ལ། གྱོད་གཞི436འདུམ་སྒྲིག་དང་སློབ་འབེབས་ཞུ་བ་བརྒྱུད་ཞིབ་གཅོད་མཇུག་སྒྲིལ་བྱས། ལོ་ཧྲིལ་བོའི་ཤེས་བྱའི་བདག་དབང་སྐོར་གྱི་གྱོད་གཞི་ཞིབ་གཅོད་འཁོར་ཡུན་ཉིན་བཅུ་གཉིས་ཀྱིས་ཇེ་ཉུང་དུ་བཏང་ནས་ཞིབ་གཅོད་ཕན་འབྲས་མཐོར་འདེགས་བཏང་།
རྒྱལ་ཡོངས་ནས་སྐོར་དང་པོའི་དྲ་རྒྱ་གཅིག་གི་སྟེགས་བུར་བུད་པའི་ཚོད་ལྟའི་ཁྲིམས་ཁང་ཡིན་པའི་ཆ་ནས་མཚོ་སྔོན་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་སྐོར་གྱི་ཞིབ་གཅོད་ཕྱོགས་ཡོངས་ནས་གྲངས་ཀ་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་བ་དང་གོ་རིམ་ཆ་ཚང་གི་གྱོད་གཞི་ཞིབ་གཅོད་བྱེད་པ་མངོན་འགྱུར་བྱས། 2025ལོར་མངོན་གསལ་མཐོ་འདེགས་བྱུང་བའི་བརྩམས་ཆོས་ཆ་འཕྲིན་གྱི་དྲ་རྒྱ་བརྒྱུད་སྒྲོག་དབང་ཆའི་རྩོད་གཞི་ལ་དམིགས་ནས་མཚོ་སྔོན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་འཛིན་གཞི་གྲངས་ཆེན་མོར་བརྟེན་ནས་བྱ་བའི་དྲན་སྐུལ་བྱས་པ་དང་། གྱོད་གཞི་རིགས་འདི་འདུམ་སྒྲིག་དང་སློང་འབེབས་ཞུ་བའི་ཚད53.65%ལ་སླེབས་པ་དང་། སྤྱི་ཚོགས་ཕན་འབྲས་དང་ཁྲིམས་ལུགས་ཕན་འབྲས་གཅིག་གྱུར་མངོན་འགྱུར་བྱུང་།